༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་ཚེས་ ༡༨ རེས་གཟའ་པ་སངས་བར་ལས་ཉིན་ལྔའི་རིང་ཚོགས་པའི་ཚོགས་དུས་མཐའ་མའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་ཁག་ཡོངས་སུ་གྲུབ་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། ཚོགས་གཙོས་དེ་རིང་གཏམ་བཤད་གནང་རྒྱུ་དེ། བཀོད་ཁྱབ་འདྲ་པོ་དང་། ལམ་སྟོན། ཐག་གཅོད་དེ་འདྲ་གང་ཡང་མ་རེད། ཚོགས་འདུ་དང་འབྲེལ་བའི་ཐོག་ནས་ལས་རིམ་གྱི་གྲུབ་འབྲས་དང་། གནད་དོན་ཁག་གཅིག་སྙན་སེང་ཞུ་དགོས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་ཚོགས་གཙོས་སྙན་སེང་ཞུ་རྒྱུར། གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་ལས་ཉིན་ལྔ་ཆགས་ཡོད། ན་ནིང་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་སུ་བཀའ་བློན་གྱི་འོས་འདེམས་ཙམ་མ་གཏོགས་རྩ་བའི་འཛིན་སྐྱོང་གི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་མ་རེད། དེ་མ་ཡིན་པའི་བོད་ནང་གི་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་དང་། དེ་འདྲའི་གནས་སྟངས་ཐོག་ལ་དུས་ཚོད་མང་བ་བཏང་ཡོད་པ་རེད།
ད་རེས་གྲོས་ཚོགས་ཚོགས་ཐེངས་གཉིས་པ་དེར་དངོས་སུ་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བ་ཆགས་པ་ཞིག་དང་། ལས་ཉིན་མང་བ་དེའི་ཐོག་ལ་བྱུང་ཡོད་པ་རེད། དེར་བརྟེན་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་དང་པོའི་ཐོག་རྩ་བའི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞི་བཞག་ཐུབ་པ་བྱུང་ཡོད། སྤྱི་འཐུས་ཟུར་པ་གཉིས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སྙན་གྲགས་ཅན་གྲོགས་པོ་གཉིས་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་གནང་བ་དང་། གྲོས་ཆོད་འཇོག་པའི་སྐབས་སུ་ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་གཞིར་བཟུང་གྲོས་ཆོད་དེ་དག་ཨིན་ཡིག་ཐོག་བསྒྱུར་ཆེད་འཛིན་སྐྱོང་ལ་ཡར་ཕུལ་ཟིན་པ་ཡིན། རིང་མིན་ཁུངས་སོ་སོར་འབུལ་གཏོང་ཞུ་རྒྱུ་དང་། མཇུག་སྐྱོང་བྱེད་རྒྱུའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་ཞུ་རྒྱུ་ཡིན། དེ་ནས་ལས་རིམ་གལ་ཆེ་བ་གཅིག་ནི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་དེ་ཆགས་ཡོད། དེའི་ཐོག་བཀུར་འོས་སྤྱི་འཐུས་བཞི་བཅུ་ལྷག་ཙམ་གྱིས་ཆ་ཤས་བཞེས་སོང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་རེད། འཛིན་སྐྱོང་ནས་གསལ་བཤད་ལན་འདེབས་གནང་དགོས་པ་དེ་འདྲ་གནང་བའི་ཐོག་ནས་ལས་རིམ་འདི་ཧ་ཅང་ཡག་པོ་བྱུང་སོང་།
དེ་བཞིན་བཀུར་འོས་སྤྱི་འཐུས་གཉིས་ཙམ་གྱིས་གྲོས་ཆོད་ལའང་བཟོ་བཅོས་གྲོས་ཆོད་ཕེབས་པ། དེ་ནས་གྲོས་ཆོད་བདུན་ཆ་ཚང་སྤྱི་མོས་ཐོག་ནས་གཏན་འབེབས་བྱུང་ཐུབ་པའི་གནས་སྟངས་དེ་ཡག་པོ་བྱུང་སོང་། གཙོ་བོ་གྲོས་ཆོད་དགོངས་དོན་གཞིར་བཟུང་སྟེ་བོད་ནང་གི་གནས་སྟངས་བཟང་དུ་འགྲོ་ཐུབ་པ། དེ་ཡང་རྒྱ་ནག་གི་ད་ལྟའི་དབང་འཛིན་པའི་མཉམ་དུ་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། རྒྱ་ནག་གི་འགོ་ཁྲིད་ཀྱི་བསམ་བློ་གཏོང་ཕྱོགས་ཡིན་ནའང་། ང་ཚོས་ཏོག་ཙམ་གུ་ཡངས་བ། གཙོ་བོ་བོད་རྒྱ་འབྲེལ་མོལ་དང་། དེ་འདྲའི་ཐོག་ནས་བོད་དོན་དཀའ་རྙོག་སེལ་ཐུབ་པར་དགོངས་པ་བཞེས་དགོས་རྒྱུའི་འབོད་སྐུལ་བསྐྱར་དུ་ཞུ་རྒྱུ་ཞིག་རེད།
དེ་བཞིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་དང་། སྒེར། གཞུང་དེ་ཚོ་ལ་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་བོད་ཀྱི་རྩ་དོན་འཐབ་རྩོད་ཡིན་ནའང་འདྲ། དེ་བཞིན་ཆོས་དང་རིག་གཞུང་། གང་གི་ཐོག་ལ་ཡིན་ནའང་། གཙོ་བོ་བོད་མི་རང་གིས་ཤུགས་བརྒྱབ་དགོས་རྒྱུ་དང་རྣམ་དཔྱོད་བཏོན་པའི་ཐོག་ནས་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་འཚོལ་ཐུབ་དགོས་པ། ལྷག་པར་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་འགྲོ་ཐུབ་དགོས་རྒྱུའི་གནས་བབ་བཟོ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་པའི་རྣམ་འགྱུར་འདྲ་པོ་དེ་གྲོས་ཆོད་རིམ་པ་འདིའི་ཐོག་ནས་གསལ་པོ་བྱུང་ཡོད། ཅེས་ཞུ་རྒྱུ་ཡིན།
གཞན་ཡང་ང་ཚོས་ལས་ཉིན་མང་བ་དེ་ལྷན་ཁང་ཆེ་ཁག་བདུན་གྱི་ལས་བསྡོམས་སྙིང་བསྡུས་ཐོག་བགྲོ་གླེང་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ལྷན་ཁང་ཆེ་ཁག་བདུན་གྱི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་དེའང་དེ་རེས་འདིར་ཕེབས་ཡོད་པ་རེད། དེ་ཚོའི་ཐོག་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་གསལ་བཤད་ལན་འདེབས། སྤྱི་ཡོངས་ཀྱི་ཐོག་ནས་ཐེངས་འདིའི་ལས་རིམ་འདི་ཚགས་ཚུད་པོ་དང་ཡག་པོ་བྱུང་སོང་སྙམ་པའི་ཚོགས་གཙོ་གཉིས་ལ་དེ་འདྲའི་ཚོར་བ་བྱུང་། དེ་བཞིན་རྩ་བའི་ལས་བསྡོམས་ལྟ་བུ་མཚོན་པ་ཡིན་ན། བཀའ་ཤག་གོང་མའི་ལས་བསྡོམས་ཆགས་ཀྱི་ཡོད། འོན་ཀྱང་ད་ལྟའི་བཀའ་ཤག་གསར་པའི་ཐོག་ནས་འགན་འཁུར་བའི་ཐོག་ནས་ལས་དོན་རྒྱུན་སྐྱོང་བྱེད་རྒྱུའི་གཞི་འཛིན་ས་ལྟ་བུ་ཞིག་རྩ་བའི་ལས་བསྡོམས་དེ་ཚོ་གྲས་ལས་རིམ་ནང་འཁོད་པ་གཞིར་བཟུང་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་དགོངས་ཚུལ་ཕེབས་ཡོད་པ་རེད། ལས་རིམ་ནང་འཁོད་ལས་བསྡོམས་ནང་དུ་ལྷན་ཁང་སོ་སོའི་ལས་འཆར་དང་འབྲེལ་བ་ཆགས་པ་དེ་ཚོ་རྒྱ་སྐྱེད་གཏོང་དགོས་ནའང་འདྲ་འདུག དེ་བཞིན་ཞིབ་འཇུག་བྱེད་དགོས་ནའང་འདྲ། གནས་སྟངས་མང་པོ་ཞིག་ལ་འཛིན་སྐྱོང་ལའང་ཏན་ཏན་ཐུགས་ཕན་གསོས་པ་ཞིག་དང་། བཀའ་ཤག་གོང་མས་ཕྱག་ལས་གང་གནང་བ་དེ་གྲོས་ཚོགས་ཀྱི་དེབ་ཐེར་ནང་དུ་ལྷག་ཐུབ་པ་ཞིག མང་ཚོགས་ནང་དུའང་གནད་དོན་གང་ལ་གང་འཚམ་གསལ་པོ་མཁྱེན་ཐུབ་པའི་གནས་སྟངས་ཆགས་ཡོད། ཚོགས་གཙོ་གཉིས་ལ་དེ་འདྲའི་བསམ་ཚུལ་བྱུང་།
དེ་ནས་གྲོས་ཚོགས་ནང་དུ་བགྲོ་གླེང་ཞུ་བའི་སྐབས་སུ། དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས། ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ཙམ་ལ་གྲོས་ཚོགས་ཀྱི་ངོས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ན། འཛིན་སྐྱོང་གིས་ཞིབ་འཇུག་ཚོགས་ཆུང་གང་བཙུགས་པའི་སྙན་ཐོ་གཞིར་བཟུང་ལག་བསྟར་ཞུ་རྒྱུ་ཡིན་ཞེས་བཀའ་གསལ་པོ་ཕེབས་ཡོད་པ་རེད། དེ་གཞིར་བཟུང་ང་ཚོས་འབྲེལ་བ་གང་དུ་ཆགས་ཀྱི་འདུག དེར་གོ་བསྡུར་ཞུས་ནས་ང་ཚོས་མཇུག་སྐྱོང་བྱེད་ཕྱོགས་དེ་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས་སུ་ཡོང་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན།
གཞན་ཞིག་ལ། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་སྙན་ཐོ་དེའང་འདིར་སླེབས་ཡོད། སྙན་ཐོའི་ནང་རྣམ་པ་ཚོས་མཁྱེན་པ་གཞིར་བཟུང་རེད། ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཚང་བའི་འོས་མི་མ་རག་པའི་གནས་སྟངས་ཁ་གསལ་པོ་བྱས་ནས་འདིར་ཕེབས་ཡོད་པ་རེད། དེའི་རྗེས་འབྲས་ཁ་སང་ངས་གྲོས་ཚོགས་ནང་དུ་སྙན་སེང་ཞུས་པ་ཡིན། དེའི་མཇུག་སྐྱོང་བྱེད་སྟངས་ཐོག་ང་ཚོས་གོ་བསྡུར་བྱས་ནས་མཇུག་སྐྱོང་ཞུ་རྒྱུ་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་གོང་དུ་མཛད་གཙོ་རྣམ་པའི་ཕོགས་རིམ་ཚད་འཛིན་གྱི་སྒྲིག་གཞི་དེ་རེད། རྩ་བའི་ཕོགས་ཀྱི་ཕོགས་རིམ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ནས་ལག་བསྟར་བྱས་པ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ཚད་འཛིན་སྒྲིག་གཞི་གཞིར་བཟུང་གྲོས་ཚོགས་ནང་སྙན་སེང་བཀའ་འཁྲོལ་ཞུ་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། གོང་དུ་སྒྲིག་གཞི་གཞིར་བཟུང་སྤྱི་མོས་ཐོག་གཏན་འབེབས་མོས་མཐུན་བྱུང་ཐུབ་པ་བྱུང་ཡོད། གྲོས་ཚོགས་ཚོགས་དུས་གཉིས་པ་སྐྱོང་པའི་སྐབས་སུ་ནམ་རྒྱུན་ཡིན་ན་གྲོས་ཚོགས་ནང་ཚིག་བེད་སྤྱོད་གཏོང་སྟངས་རེད།
ལྷག་པར་སྤྱི་འཐུས་ནང་ཁུལ་ཚིག་བེད་སྤྱོད་གཏོང་སྟངས་དེ་འདྲ་ཡང་སེ་ཡོང་གི་ཡོད། ཡིན་ནའང་ད་ལྟའི་གྲོས་ཚོགས་ལྟ་བུར་མཚོན་ན་དེ་འདྲ་ཞེ་དྲག་བྱུང་མ་སོང་། གང་ལ་གང་འཚམ་ཆེ་མཐོང་དང་ལྡན་པའི་ཐོག་ནས་ཡག་པོ་བྱུང་སོང་བསམ་པའི་ཚོར་སྣང་བྱུང་། མ་འོངས་པར་ཡིན་ནའང་དེ་འདྲའི་དགོངས་པ་བཅང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
དེ་ནས་བགྲོ་གླེང་གི་དྲི་བ་འདྲི་བའི་སྐབས་སུ་ཡིན་ནའང་འདྲ་འདུག དགོངས་ཚུལ་གསུང་པའི་སྐབས་སུ་ཡིན་ནའང་འདྲ། འཛིན་སྐྱོང་གིས་ལན་འདེབས་གསལ་བཤད་གནང་བའི་སྐབས་སུ་ཡིན་ནའང་འདྲ། ཏོག་ཙམ་གནད་དོན་དང་འབྲེལ་བའི་ཐོག་ནས་དུས་ཚོད་མང་ཉུང་གཏོང་དགོས་པ་ཡང་སེ་ཡོང་གི་འདུག དེར་བརྟེན་འཛིན་སྐྱོང་གི་བཀའ་བློན་རྣམ་པ་གསར་པ་ཕེབས་ཚར་ཙམ་རེད། གྲོས་ཚོགས་ཀྱི་འཐུས་མི་ཡིན་ནའང་དངོས་སུ་འཛིན་སྐྱོང་གི་ལས་དོན་ལ་ཞུགས་པ་ཐེངས་དང་པོ་ཡིན་སྟབས། ང་ཚོའི་ངོས་ནས་ཏོག་ཙམ་གུ་ཡངས་པོ་ལྟ་བུ་བྱེད་པའི་བསམ་བློ་ཡིན།
གཞན་ཡང་ཐད་ཀར་བཀའ་མོལ་གསུང་སྟངས་རེད། ཆ་ཤས་བཞེས་སྟངས་རེད། དེ་ཚོར་ཐད་ཀར་སྟངས་འཛིན་འདྲ་བྱས་པ་ཡིན་ན་ཏོག་ཙམ་སེམས་འཚབ་འདྲ་བའི་ཐོག་ནས་ལས་རིམ་ཐོག་ལ་ཏོག་ཙམ་བར་ཆད་ཀྱི་རྣམ་པ་འདྲ་པོ་ཆགས་མི་ཡོང་བསམ་པ་ཞིག་བྱུང། དེ་ཡིན་དུས་གང་ཐུབ་ཐུབ་གུ་ཡངས་བཏང་བའི་གནས་སྟངས་དེ་འདྲ་ཞུས་ཡོད། མ་འོངས་པར་གཙོ་བོ་ཚོགས་འདུ་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་དགོངས་ཚུལ་གསུངས་པ་ཡིན་ནའང་འདྲ། དྲི་བ་བཏོན་པ་ཡིན་ནའང་འདྲ། གསལ་བཤད་ལན་འདེབས་གང་གནང་བ་ཡིན་ནའང་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་གོ་སྐབས་འཛིན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་པ་འདི་ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་བྱས་ཏེ་ཕྱི་ཟླ་ ༡༢ ཙམ་ལ་ཚོགས་ན་བསམས་པ་རེད། ཡིན་ནའང་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཕར་ཚུར་གོ་བསྡུར་བྱེད་དུས་ཕྱི་ ལོ་ ༢༠༢༢ ནང་སླེབས་པ་དེ་གཙོ་བོ་གང་རེད་ཅེ་ན། བར་སྐབས་བོད་མིའི་སྒྲིག་འཛུགས་ལའང་དཀའ་ངལ་ཆེན་པོ་ཞིག་བྱུང་དུས། དེའི་གནས་སྟངས་དེ་རྒྱུན་འདྲ་པོ་ཞིག་མཐུད་པར་ལས་སླ་པོ་ཞིག་མི་འདུག དཀའ་ངལ་མང་པོ་ཞིག་ཡོང་བཞིན་འདུག འོན་ཀྱང་དཀའ་ངལ་དེ་ཚོ་བཟང་ཕྱོགས་ནས་གདོང་ལེན་བྱས་ནས་ད་ལྟ་ མཆོད་རྟེན་མགོ་མཇུག་ཟློག་ན། བང་རིམ་བརྒྱའི་སྐེད་པ། ང་ཚོ་བོད་ཀྱི་དཔེ་ཞིག་ཡོད་རེད། དཀའ་ངལ་ག་ཚོད་འཕྲད་པ་ཡིན་ནའང་སེམས་པ་བཞག་ས་འདྲ་པོ་ཞིག་དང་། གཞི་འཛིན་ས་འདྲ་པོ་ཞིག་བཟོ་ཐུབ་པ་ཡིན་ན། ང་ཚོའི་སྒྲིག་འཛུགས་ཀྱི་ཆེ་མཐོང་རེད།
ལྷག་པར་ང་ཚོའི་སྒྲིག་འཛུགས་ལ་ཡིད་ཆེས་བྱེད་མཁན་བོད་མི་མང་ཚོགས་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་ཡིན་ནའང་འདྲ། དེ་བཞིན་ང་ཚོའི་གྲོགས་པོ་སུ་འདྲ་ཞིག་ཡིན་ནའང་། ང་ཚོར་ཡིད་ཆེས་དང་སེམས་ཤུགས་སླེབ་ཐུབ་པ་ཞིག ང་ཚོའི་ལས་དོན་ཐོག་ལ་སེམས་འགུལ་ཐེབས་ཐུབ་རྒྱུའི་གནས་སྟངས་དེ་བཟོ་ཐུབ་དགོས་རྒྱུ་དེ། ང་ཚོ་འདིའི་ནང་དུ་བཞུགས་མཁན་ཚོའི་ལས་འགན་ཆགས་དུས། དེ་འདྲ་ཞིག་ཡོང་བ་ལ་ང་ཚོ་ཚང་མས་འབད་བརྩོན་ཞུ་དགོས། དེ་རིང་གི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ལ་གཙོ་བོ་བཀུར་འོས་སྤྱི་འཐུས་རྒྱུན་ལས་རྣམ་པ་རེད། དེ་བཞིན་དཔལ་ལྡན་བཀའ་ཤག་རེད། ཚང་མས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང། དེར་བརྟེན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་རེས་གྲོས་ཚོགས་ཚོགས་དུས་གཉིས་པ་སྐྱོང་པའི་སྐབས་སུ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་མཐུན་འགྱུར་ཞུ་མཁན་གཙོ་བོ་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས་གྲོས་ཚོགས་ལས་རིམ་ཐད་གཏོང་ཞུ་བཞིན་ཡོད་པ་རེད། དེ་བཞིན་ང་ཚོའི་སྐད་སྦུག་དེ་ཚོ་དུས་ནས་དུས་སུ་ཁོང་རྣམ་པས་བཟོ་བཅོས་བརྒྱབ་ནས་འཐུས་ཤོར་མེད་པ་གནང་གི་ཡོད་དུས་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་གྲོས་ཚོགས་ནང་མཁའ་རླུང་གཙང་མ་བཟོ་ཆེད་ཀྱི་འཕྲུལ་ཆས་དེ་འདྲ་བཙུགས་ཡོད། དེ་བཞིན་སྔ་དྲོ་ང་ཚོ་ཡར་ཕེབས་པའི་སྐབས་སུ་ཡིན་ནའང་ཕྱག་དུག་སེལ་དང་ཚ་བ་བརྟག་དཔྱད་གནང་རྒྱུ་སོགས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་གང་ཅིའི་མཐུན་འགྱུར་གནང་བ།
ཕྱོགས་མཚུངས་བདེ་སྲུང་ལས་ཁུངས་ནས་ཕྱི་མི་ལྟ་རྟོག་བྱེད་རྒྱུ་དང་གྲོས་ཚོགས་ཀྱི་རྒྱལ་སྒོ་ཁག་སྲུང་རྒྱུ། བདེ་སྲུང་དང་འབྲེལ་བའི་ལས་འགན་ཡོངས་སུ་རྫོགས་པའི་འགན་འཁུར་གྱི་ཡོད་པ་རེད། གཞན་ཡང་གྲོས་ཚོགས་ནང་ཡིག་ཆ་བཟོ་རྒྱུ་དེ་ཚོ་ཚང་མ་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་དང་། དྲུང་འཕར་རྣམ་པ་གཉིས། གཤམ་འོག་ལས་བྱེད་ཡོངས་ཀྱི་འགན་འཁུར་ཆེན་པོ་བཞེས་ནས་ཕྱི་པོ་ཧ་ཅང་ལྷག་གི་ཡོད་པ་རེད། ད་ལྟའང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཡིག་ཆ་ཁག་གྲ་སྒྲིག་བྱས་ནས་ལྷག་བཞིན་ཡོད། དེ་འདྲའི་ཐོག་ནས་འགན་འཁུར་ཆེན་པོ་བཞེས་གནང་སོང་། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་གོང་གསལ་ལྷན་ཁང་ཁག་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །