༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས་བར་ལས་ཉིན་ལྔའི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ཆིབས་སྒྱུར་གནང་བ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་མི་ཁོངས་སྤྱི་འཐུས་གཅིག་ཙམ་མ་གཏོགས་སྤྱི་འཐུས་ཚང་མ་མཉམ་ཞུགས་ཞུས་ཐུབ་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཚོགས་ཐེངས་གཉིས་པའི་ལས་རིམ་ལྟ་བུ་ཡིན་ན། དང་པོ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་གཅིག་དང་། དེ་བཞིན་གདུང་སེམས་མཉམ་སྐྱེ། ལས་བསྡོམས་བཅས་སྤྱི་ཡོངས་ནས་དེ་ལྟར་ཆགས་ཀྱི་ཡོད། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ནང་ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ནང་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ད་ལྟའི་ཆར་འདས་གྲོངས་སུ་ཕྱིན་པ་གསལ་པོ་ཤེས་རྟོགས་ཡོང་གི་འདུག ཁོང་གི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་དང་། བོད་དོན་ཐོག་ལའང་རྒྱབ་སྐྱོར་གནང་མཁན་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེའི་ཆེད་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁྱེར་ཡོད།
གཞན་ཡང་གནས་ཡུལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་རཱ་ཇཱ་ཝིར་བྷདྲཱ་སིངྒ་ (Virbhadra Singh) མཆོག་འདས་གྲོངས་སུ་གྱུར་ནས་དུས་ཡུན་གང་ཙམ་རིང་པོ་ཆགས་པ་རེད། གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཁྱེར་དགོས་པའི་གནས་སྟངས་ཆགས་ཡོད་ནའང་སྐབས་དེ་དུས་དྲན་གསོ་ཞུ་རྒྱུ་སོགས་བྱུང་མེད་པའི་གནས་སྟངས་ཆགས་འདུག དེར་བརྟེན་དེ་རིང་ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁྱེར་བའི་གནས་སྟངས་དེ་ལྟར་ཡིན། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ལགས་དང་སྤྱི་འཐུས་ཟུར་པ་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས་རྣམ་གཉིས་ཀྱི་ཆེད་མྱ་ངན་གུས་འདུད་ཀྱི་གྲོས་འཆར་རིམ་བཞིན་ཡོང་གི་ཡོད་ཅེས་ཞུ་རྒྱུ་ཡིན།གཞན་ཡང་ལས་རིམ་གལ་ཆེ་བ་ཞིག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཞིག་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཚོགས་དུས་དང་པོའི་ཐོག་རྟག་པར་ཡོང་བཞིན་པའི་གནས་སྟངས་ཆགས་ཡོད། དེའི་ནང་དོན་ཁག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱལ་སྤྱིའི་ཆབ་སྲིད་ཐོག་ནས་དང་རྒྱ་ནག་གི་གནས་སྟངས་ཐོག་ནས་ཡིན་ནའང་འདྲ། ལྷག་པར་བོད་ནང་གི་གནས་སྟངས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག ཆབ་སྲིད་མཚོན་པའི་གནས་སྟངས་སྐོར་རེད། གཞི་རྩའི་རང་དབང་གི་གནས་བབ་མང་པོའི་ཐོག་ནས་གླེང་སློང་ཡོང་གི་ཡོད་པ་རེད། དེར་བརྟེན་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དེའི་ཐོག་ཐུགས་སྣང་ཏན་ཏན་གནང་གི་རེད་ལ་གལ་ཆེན་པོ་ཞིག་ཆགས་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན།
ཐེངས་འདིའི་ལས་རིམ་གྱི་དུས་ཚོད་མང་བ་གཏོང་ས་དེ་ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་ཡོད། རྩ་བའི་ལས་བསྡོམས་དེ་བཀའ་ཤག་གོང་མའི་ལས་བསྡོམས་ཆགས་ཡོད། འོན་ཀྱང་བར་སྐབས་རང་རེའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་གི་ཐོག་ནས་ད་བར་བསྐྱངས་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པར་བརྟེན་འགྲོ་སྟངས་ཀྱི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཆགས་ཡོད་སྟབས། གཙང་མ་ཞིག་ཆགས་ཐུབ་པ་ན་སྙམ་ནས་དེ་རིང་གི་ལས་བསྡོམས་ཀྱི་གྲོས་ཚོགས་འདི་དུས་ཡུན་ཐུང་ཐུང་ཞིག་གི་ནང་གཙང་མ་བཟོ་ཐུབ་པའི་འབད་བརྩོན་ཞུས་པ་ཞིག་རེད། ལས་བསྡོམས་དེ་ཕྱི་ལོ་ ༢༠༢༠་་་༢༠༢༡ ལོའི་ལས་བསྡོམས་ཆགས་ཡོད། ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་ཕེབས་ཀྱི་ཡོད་པ་རེད། དེ་དག་གི་ཐོག་དྲི་བ་དྲིས་ལན་དང་གསལ་བཤད་ཞུ་དགོས་རིགས་ཡོང་བཞིན་པའི་གནས་སྟངས་ཤིག་དང་། གྲོས་ཚོགས་རྗེས་མ་དེ་དུས་ཡུན་མི་རིང་བ་ཞིག་ལ་སླེབ་ཡོང་གི་ཡོད་སྟབས། ད་ལྟའི་བཀའ་ཤག་གིས་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་གླེང་སློང་ཞུ་རྒྱུའི་གོ་སྐབས་ལས་ཁུངས་གོ་རིམ་བཞིན་ཡོང་གི་ཡོད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པས་དེ་དག་མཁྱེན་པ་གནང་དགོས་རྒྱུ་གལ་ཆེ་བ་ཞིག་དེ་ལྟར་ཡིན།ཆབ་སྲིད་ཀྱི་གནས་སྟངས་ཐོག་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུ་དུས་དྲན་གྱི་གསུང་བཤད་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་ཕེབས་ཟིན་ཙམ་རེད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་རྗེས་ལ་ཡོང་གི་ཡོད་པ་རེད། ང་ཚོའི་གནས་བབ་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་ཀྱི་གནད་དོན་མང་དག་ཅིག་ཡོང་བཞིན་པའི་གནས་སྟངས་ཆགས་ཡོད། འོན་ཀྱང་གྲོས་ཚོགས་ནས་ལྷང་ཙམ་ཞུ་དགོས་པ་ཞིག་ལ་ཉེ་ཆར་ཁམས་བྲག་མགོའི་གནས་སྟངས་ཧ་ཅང་ཛ་དྲག་ཆེ་བའི་གནས་སྟངས་ཆགས་བཞིན་འདུག རྒྱ་ནག་གཞུང་ནས་བོད་ཁམས་བྲག་མགོ་རུ་ཐུབ་དབང་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། གུ་རུའི་སྐུ་བརྙན་གཏོར་བཤིག་བཏང་ཡོད་པ་མ་ཟད། དེ་དང་འབྲེལ་ཆགས་ཀྱི་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་སོགས་བྱས་པའི་གནས་སྟངས་ད་ལྟ་ཡིན་ནའང་འགྲོ་བཞིན་པའི་གནས་སྟངས་ཆགས་འདུག
དེ་བཞིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བོད་བསྟན་སྲིད་དང་འབྲེལ་བའི་ཕྱག་ལས་ཧ་ཅང་ཤུགས་ཆེན་པོ་གནང་ཡོད། དེ་བཞིན་རྩོམ་དང་གསུང་བཤད་གནང་རྒྱུའི་ཐོག་ནས་ཡིན་ནའང་འདྲ། གང་ལྟར་ང་ཚོའི་སྤྱི་ཚོགས་ནང་དུ་ནུས་པ་ཐོན་པའི་གནད་ཡོད་མི་སྣ་ཞིག་ཆགས་ཡོད། དེ་ལའང་རྒྱ་ནག་གིས་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བྱས་ཏེ་ད་ལྟ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གནས་སྟངས་ཆགས་འདུག དེ་བཞིན་གོང་དུ་ཞུས་མ་ཐག་ཡིན། པོ་ཏཱ་ལའི་མདུན་ཐང་དུ་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་དེ་འདྲ་ཆགས་འདུག དེ་བཞིན་གསུམ་བཅུ་དུས་དྲན་གཡས་གཡོན་དུ་བོད་ནང་དུ་བཀག་སྡོམ་སོགས་ཛ་དྲག་གི་གནས་སྟངས་ཧ་ཅང་ཤུགས་ཆེན་པོ་རེད་འདུག དེ་ཚོའི་ཐོག་ལ་ང་ཚོས་ཐུགས་དྲན་གསོ་ཐུབ་དགོས་རྒྱུ་དང་། དེ་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ང་ཚོས་མཐོང་བཞིན་པའི་གནས་སྟངས་ཆགས་ཡོད། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལའང་འགྱུར་བ་འགྲོ་བཞིན་པའི་སྐབས་རྒྱ་ནག་གི་ཆབ་སྲིད་ལའང་རང་བཞིན་གྱིས་ཤུགས་མ་ཐུབ་ཀྱིས་འབྲེལ་བ་ཆགས་བཞིན་པ་དེ་འདྲའི་འགྱུར་བ་འགྲོ་དགོས་རྒྱུའི་གནས་སྟངས་དེ་འདྲ་ཆགས་ཡོད། ཡིན་ནའང་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་དབུ་འཛིན་དེའི་གནས་སྟངས་དེ་ཚོ་ཕྱི་ལོ་ ༢༠༢༢ ནང་དུ་འགྱུར་བ་འགྲོ་རྒྱུའི་རིགས་གཅིག་ཡོང་གི་ཡོད། འགྱུར་བ་མེད་པར་མུ་མཐུད་ནས་གཙོ་འཛིན་གནང་ནས་སྡོད་ཀྱི་རེད་ཟེར་ནས་གླེང་སློང་ཡོང་གི་ཡོད། དེ་འདྲའི་ཐོག་ནས་རྒྱ་ནག་གི་དཔལ་འབྱོར་དང་། ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཚོའི་ཐོག་ལ་ང་ཚོས་ཐུགས་སྣང་གནང་ནས་དེ་དང་འབྲེལ་བའི་ཐོག་ནས་ང་ཚོས་བོད་ནང་གི་གནས་སྟངས་དེ་རྒྱལ་སྤྱིའི་ནང་ཞུ་གཏུག་གནང་དགོས་རྒྱུ་བོད་མི་སྒེར་སོ་སོའི་ངོས་ནས་དེ་དང་འབྲེལ་བའི་ཐོག་ནས་ཞུ་གཏུག་གི་ལས་འགུལ་ཡིན་ནའང་འདྲ་འདུག གདུང་སེམས་མཉམ་སྐྱེའི་ལས་འགུལ་གང་སྤེལ་ནའང་། སྐབས་དང་དུས་ལ་འཚམ་པ་ཞིག་ཡོང་ཐུབ་རྒྱུ་ཞིག་ང་ཚོའི་ངོས་ནས་གོ་སྐབས་འཛིན་ཐུབ་རྒྱུ་དེ་གནས་སྟངས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲའི་ཐོག་ནས་དེ་རིང་ལྷང་ཙམ་ཞིག་ཞུས་ན་བསམ་སོང་།འདས་པའི་དུས་ཚོད་ནང་གནད་དོན་ཆེ་ཁག་གསུམ་རྣམ་པ་ཚོར་དྲན་གསོ་ཞུས་ན་བསམ་བྱུང་། དང་པོ་དེ་ཕྱི་ཟླ་ ༡༢ ནང་རྡ་སའི
དེ་བཞིན་གནད་དོན་གཉིས་པ་དེ་ཧ་ལམ་ལུང་པ་ཉི་ཤུ་ལྷག་ཙམ་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཡོད་པ་རེད། དེ་བཞིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བདུན་ཅུ་དོན་གྲངས་ནས་འགོ་བཙུགས་ནས་སླེབས་བསྡད་པའི་གནས་སྟངས་ཆགས་ཡོད། ཡིན་ནའང་བར་སྐབས་ནད་ཡམས་དང་། འོས་བསྡུའི་དུས་ཚོད་ཁེལ་ནས་བསྐྱར་གསོ་མ་ཐུབ་པ་དེ་འདྲ་ཆགས་ཡོད། དེ་འདྲའི་གོ་སྐབས་དེ་ང་ཚོས་མུ་མཐུད་སྲུང་སྐྱོབ་བྱེད་ཐུབ་དགོས་རྒྱུའི་གནས་སྟངས་ཆགས་ཡོད་དུས་རྒྱུན་ལས་ཀྱི་ཐོག་ནས་སྐུ་ཚབ་འཐུས་མི་གྲངས་ ༥ ཆེད་མངགས་ལྡི་ལིར་ཕེབས་ནས་་གྲོས་ཚོགས་ཀྱི་ཞུ་གཏུག་གནང་རྒྱུའི་ཐོག་ནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐུབ་པ་དང་། རྒྱ་ནག་གཞུང་ཚབ་ནས་ང་ཚོ་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་ལ་ཡི་གེ་བཏང་བའི་ཐོག་ནས་རྒྱ་གར་གྱི་བརྒྱུད་ལམ་ཁག་མང་པོའི་ནང་དུ་གླེང་སློང་ཤུགས་ཆེན་པོ་ཆགས་ཡོད་པ་རེད། གནད་ཡོད་མང་པོ་ཞིག་གིས་ཐུགས་སྣང་གནང་དགོས་པའི་གནས་སྟངས་དེ་འདྲ་ཆགས་སོང་། སྐབས་དེ་དུས་བཅར་མཁན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་གསུང་བཤད་གནང་བ། དེ་བཞིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཐོག་ནས་དྲི་བར་ལན་འདེབས་གནང་བའི་ཐོག་ནས་བོད་དོན་ཐོག་མུ་མཐུད་རྒྱ་གར་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་རུ་ཡོང་ཐུབ་རྒྱུར་ང་ཚོའི་ངོས་ནས་འབྲེལ་མཐུད་ཞུ་ཐུབ་རྒྱུ་དང་། རྒྱ་གར་གཞུང་དང་མང་ཚོགས། གྲོས་ཚོགས་ཀྱི་ཐོག་ནས་མུ་མཐུད་བོད་དོན་ཐོག་ཐུགས་སྣང་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་གོ་སྐབས་དེ་འདྲ་ཞིག་བསྐྲུན་སོང་བསམ་པའི་ཚོར་སྣང་ཞིག་བྱུང་སོང་། དེར་བརྟེན་རྒྱ་གར་གཞུང་ལྟ་བུ་ཡིན་ན། བོད་དོན་རྒྱབ་སྐྱོར་ཐད་མེད་དུ་མི་རུང་བའི་གནས་སྟངས་ཆགས་ཡོད། རྩ་བའི་རྒྱལ་ཁབ་ཚང་མ་གཅིག་ལས་གཅིག་གལ་ཆེ་བ་ཆགས་ཀྱི་ཡོད། འོན་ཀྱང་རྒྱ་གར་གཞུང་དང་གྲོས་ཚོགས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ང་ཚོས་མ་འོངས་པར་ཡིན་ནའང་འབྲེལ་ལམ་དམ་ཟབ་མཐུད་ཐུབ་རྒྱུ་དང་། ང་ཚོས་ཞུ་གཏུག་གནང་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་རྒྱུ་ཡིན།
དེ་ནས་གནད་དོན་གསུམ་པ་དེ། རྒྱ་གར་རྗེས་ལ་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཨ་རིའི་གཞུང་ཆགས་ཡོད། ཨ་རིའི་གཞུང་གིས་ཁྲིམས་ཡིག་གཏན་འབེབས་གནང་བ། དེ་བཞིན་ད་ལྟ་ངས་ཞུ་རྒྱུ་གཙོ་བོ་དེ་ག་རེ་ཆགས་ཀྱི་འདུག་ཟེར་ན། ཨ་རིའི་གཞུང་གི་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་བསྐོ་གཞག་གནང་བ། ཁོང་ཡིན་ནའང་བོད་དོན་ཐོག་ལ་རྒྱབ་སྐྱོར་མུ་མཐུད་གནང་གི་ཡོད་པ། དེ་བཞིན་ཨ་རིའི་གཞུང་གི་ཁྲིམས་ཡིག་གཏན་འབེབས་གཞིར་བཟུང་ཨ་རིའི་གཞུང་གིས་བོད་དང་རྒྱ་ནག་དབར་འབྲེལ་མོལ་ཡོང་ཐུབ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས། ངོ་བོ་དེ་ཚོ་མ་བརླག་པའི་ཐོག་ནས་ཨ་རིའི་གཞུང་ཡིན་ནའང་མཐུན་འགྱུར་ཤུགས་ཆེན་པོ་གནང་གི་ཡིན་ཞེས་ཞལ་བཞེས་གནང་བ་གཞིར་བཟུང་ང་ཚོས་སྐབས་དེ་དུས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཕུལ་ཡོད། དེའི་ལན་དུའང་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ལ་ལན་ཧ་ཅང་ཁ་གསལ་པོ་གནང་ཡོད་པ་རེད། དེ་རིང་གོ་སྐབས་འདི་བརྒྱུད་ཨ་རིའི་གཞུང་དང་། དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཆོག དེ་བཞིན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོས་མ་འོངས་པར་གནས་སྟངས་དེ་ཚོའི་གྲས་མུ་མཐུད་གོ་སྐབས་འཛིན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བཞེས་ཕྱོགས་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་རེད། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཟེར་དུས་དེའི་ནང་འཛིན་སྐྱོང་བཀའ་ཤག་དང་། གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ཚུད་ཡོད། དེར་བརྟེན་གནད་དོན་མང་པོའི་ཐོག་ལ་གླེང་སློང་ཡོང་གི་ཡོད་པ་རེད། གླེང་སློང་ཡོང་བའི་སྐབས་སུ་གཙོ་བོ་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཕེབས་དགོས་ཀྱི་ཡོད། ཡིན་ནའང་བཀའ་མོལ་གསུང་ཕྱོགས་དང་། སྤྱི་ཚོགས་ཀྱི་གནད་དོན་དེ་འདྲ་གྲོས་ཚོགས་ནང་གླེང་སློང་བྱེད་ཕྱོགས་ཀྱི་ཐོག་ནས་མཚམས་རེར་ཚིག་བེད་སྤྱོད་གཏོང་སྟངས་དང་། དེ་བཞིན་སྐུ་གཟུགས་ཀྱི་རྣམ་འགྱུར་འདོན་སྟངས་དེ་ཚོ་གྲས་ཏོག་ཙམ་ཐལ་ཆ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་ཐོག་མར་འབོད་སྐུལ་ཞུ་རྒྱུར་ང་ཚོས་ཚུལ་དང་མཐུན་པ། རྒྱུ་མཚན་དང་ལྡན་པ། ཡག་པོ་ཞིག་ཡོང་ཐུབ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། རྩ་བའི་གྲོས་ཚོགས་ཀྱི་ཆེ་མཐོང་དང་། གྲོས་ཚོགས་ཀྱི་བཟང་སྤྱོད་ཟེར་དུས་ཚོགས་གཙོ་ཚོགས་གཞོན་གཅིག་པུའི་ཡོང་ཐུབ་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད་སྟབས། བཀུར་འོས་སྤྱི་འཐུས་རྣམ་པ་དང་། འཛིན་སྐྱོང་བཀའ་ཤག་བཅས་ཚང་མ་དང་འབྲེལ་བ་ཆགས་དུས་ཚང་མས་ནུས་པ་མཉམ་སྤུངས་དང་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞེས་འབོད་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།
དེ་ནས་ངས་ཚོགས་གཙོའི་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་འདི་ནས་མཇུག་བསྡུས་པ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་བཅུ་དྲུག་གཞིར་བཟུང་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་པོ་ཏ་ལའི་མདུན་ཐང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་ཚེ་དབང་ནོར་བུ་ལགས་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་དྲུག་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Shri. Virbhadra Singh) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་སྤྱི་ཟུར་འབྲོག་སྨད་ཚེ་བརྟན་ནོར་བུ་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས།
དེ་ནས་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་སོང་། །