༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) གི་ཚན་རྩིས་ཤེས་ཡོན་སློབ་གསོའི་ཚན་པས་ཟབ་སྦྱོང་ཚོགས་འདུ་ཞིག་ལྡི་ལི་གསར་པའི་དབུས་ཤེས་ཡོན་འཕྲུལ་རིགས་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་གནང་ཡོད། ཚོགས་འདུ་འདི་ནི་རྒྱ་གར་གྱི་མངའ་སྡེ་ཁག་གི་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ཁག་དང་། དེ་མིན་ཤེས་ཡོན་སློབ་གསོའི་ཚོགས་སྡེ་ཁག་གི་ཚན་རྩིས་ཁོར་ཡུག་འགྲེམས་སྟོན་གྱི་འབྲེལ་མཐུད་མི་སྣ་ཁག་གི་ཆེད་དུ་བསྐོང་ཚོགས་གནང་པ་ཞིག་ཡིན་ཞིང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་ཚན་རིག་གི་ཕུགས་འདུན་བསྐྲུན་པ་དང་། གསར་གཏོད་དང་ཤེས་འདོད་ཀྱི་བློ་སྒོ་འབྱེད་སླད་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱ་གར་རྒྱལ་ཡོངས་ལ་ཚན་རྩིས་ཤེས་བྱའི་གོ་རྟོགས་རྒྱ་ཆེར་སྤེལ་ཐབས་གནང་རྒྱུ་དེ་ཡིན།ཐེངས་འདིའི་ཟབ་སྦྱོང་ལ་རྒྱ་གར་གྱི་མངའ་སྡེ་ ༡༩ དང་། དབུས་འཛིན་མངའ་ཁུལ། (Union Territories ) དེ་མིན་སློབ་གསོའི་ཚོགས་པ་ཁག་གཅིག་བཅས་ནས་སྐུ་ཚབ་འབྲེལ་མཐུད་པ་ ༣༠ ཙམ་ཚོགས་ཞུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱང་ཟབ་སྦྱོང་དེར་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདིའི་ཁྱོན་ཡོངས་ཀྱི་བྱེད་སྒོའི་ལས་རིམ་ཁག་སློབ་དཔོན་ཊི་པི་ཤཱར་མ་མཆོག་གིས་གཙོ་སྐྱོང་གནང་བ་དང་། མངའ་སྡེའི་འབྲེལ་འཐུད་མི་སྣ་རྣམས་ཀྱིས་ས་ཁུལ་སོ་སོའི་ཚན་རིག་འགྲེམས་སྟོན་གྱི་ལས་གཞིར་འགྲེལ་བརྗོད་ངོ་སྤྲོད་དང་འབྲེལ་དགོངས་འཆར་གནང་ཡོད།
ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན་ནས་ཀྱང་ཕྱི་ལོ་ ༢༠༡༧ ནས་བཟུང་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་ཁག་གི་འགྲེམས་སྟོན་གོ་སྒྲིག་གནང་ཕྱོགས་སྐོར་འགྲེལ་བརྗོད་དང་། ཁོང་གིས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT) གིས་གོ་སྒྲིག་གནང་བའི་འགྲེམས་སྟོན་ནང་མཉམ་ཞུགས་པ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་ཀྱང་། ཚང་མས་དཀའ་ངལ་ཤེས་པའི་ཐོག་ནས་གདོང་ལེན་བྱས་ཚེ་ལས་དོན་གྲུབ་ཐབས་ཀྱི་གོ་སྐབས་ཡོད་སྐོར་བརྗོད་པ་དང་།གཞན་ཡང་ཁོང་གིས་རྒྱ་གར་དབུས་གཞུང་གིས་འདས་པའི་ལོ་ངོ་ ༦༣ རིང་བཙན་བྱོལ་བོད་མིར་གཟིགས་རྟོགས་དང་། ལྷག་པར་བོད་ཕྲུག་རྣམས་ལ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྟོན་ཆེད་སློབ་གྲྭ་གསར་འཛུགས་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་མ་ཟད། ཕྱི་ལོ་ ༢༠༡༦ ནས་བོད་མིའི་སྒྲིག་འཛུགས་ཤེས་རིགས་ལས་ཁུངས་ཁྱབ་ཁོངས་སློབ་གྲྭ་ཁག་ལའང་རྒྱ་གར་རྒྱལ་ཡོངས་ཚན་རྩིས་ཁོར་ཡུག་གི་འགྲེམས་སྟོན་ནང་མཉམ་ཞུགས་ཀྱི་གོ་སྐབས་གནང་བ་བཅས་ལ་བཀའ་དྲིན་ཆེ་ཞེས་ཞུས་འདུག ཕྱི་ལོ་ ༢༠༢༡ ལོར་རྒྱ་གར་རྒྱལ་ཡོངས་ཚན་རྩིས་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༨ པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འགྲེམས་སྟོན་དངོས་གཟུགས་གྲངས་ ༥ འདེམས་སྒྲུག་གིས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་ (NCERT) དྲ་ཚིགས་ཐོག་འགྲེམས་སྤེལ་བྱས་ཐུབ་ཡོད་པ་བཅས།།