༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༤ ཉིན་ཤིས་ལོངས་ཡོངས་ཁྱབ་ཆོས་དད་གླེང་སྟེགས་ཚོགས་པའི་ (Shillong All Faith Forum) འགན་འཛིན་བི་ཤོབ་པི་ལིན་ཌོ་ (P Lyngdoh) ལགས་ཀྱི་གཙོ་སྐྱོང་འོག་ཆོས་དད་པ་ནང་ཁུལ་འཆམ་མཐུན་དང་ཞི་བདེ་ཡོང་ཐབས་ལ་དམིགས་ཏེ་ཤིས་ལོངས་དགོན་པའི་ནང་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་ཐོག་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་། ཤིས་ལོངས་ས་གནས་ཀྱི་ཡི་ཤུའི་མཁན་པོ་སྐུ་ཞབས་ཝི་ཁི་ཊར་ལིན་ཌོ་ (Victor Lyndoh) ལགས། དབུས་པུ་ཇ་ཚོགས་ཆུང་གི་སྐུ་ཚབ་ནཱ་བྷ་བྷ་ནེར་ཇེ་ (Naba Banerjee) ལགས། ཤིས་ལོངས་ཁ་ཆེ་མཐུན་ཚོགས་ཀྱི་སྐུ་ཚབ་ནུར་ནོང་རུམ་ (Noor Nongrum) ལགས། ཤིས་ལོངས་སིཀ་ཚོགས་སྡེའི་སྐུ་ཚབ་ཇ་སི་བྷིར་སིངྒ་ (Jasbir Singh) ལགས་སོགས་ཆོས་ལུགས་ཁག་གི་དབུ་ཁྲིད་ཁྱོན་མི་གྲངས་ ༢༠ མཉམ་ཞུགས་གནང་ཡོད།དེ་ཡང་ཚོགས་འདུའི་སྟེང་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས། ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་དང་བཟོད་བསྲན་སོགས་ཀྱི་སྐོར་གཅིག་མཚུངས་སུ་གསུང་གི་ཡོད་པས། ཆོས་ལུགས་ཚང་མས་དེ་དག་གོང་མཐོར་དང་ཆོས་ལུགས་ནང་ཁུལ་བརྩི་བཀུར་ཞུ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད། ཚོགས་འདུ་གྲོལ་བའི་ཕྱི་ཉིན་ཤིས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས། ཤིས་ལོངས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ལགས་བཅས་ནས་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀོན་རཌ་སང་མ་ (Shri Conrad K Sangma) མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཤིས་ལོངས་ས་གནས་བོད་མིའི་གཞིས་ཆགས་སུ་ནང་པའི་རིག་གཞུང་བསྟི་གནས་ཤིག་འཛུགས་སྐྲུན་གནང་བཞིན་པའི་ལས་གཞིའི་སྐོར་སྙན་སྒྲོན་ཞུས་པར་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀོན་རཌ་སང་མ་མཆོག་གིས་ལས་གཞི་དེར་རྗེས་སུ་ཡི་རང་དང་བོད་མིའི་ཐུན་མོང་མིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།