༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན་སུད་སི་དང་། སི་ལོ་ཝཱ་ཀི་ཡཱ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནཱི། ཧངྒ་རཱི། ཨི་ཊ་ལཱི། ཨོསྟྲི་ཡཱ། བལ་གཱ་རི་ཡཱ་བཅས་ཀྱི་ནང་ཡོད་པའི་གྲོས་ཚོགས་འཐུས་མི་དང་། གྲོང་སྡེའི་སྤྱི་ཁྱབ། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་མི་བརྒྱ་ཕྲག་མང་པོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་སུད་སི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སུད་སི་རྒྱལ་ས་སྦན་ (Bern) དུ་བོད་མི་བརྒྱ་ཕྲག་མང་པོ་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། སྐབས་དེར་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཕེ་བྷི་ཡེན་མོ་ལི་ནཱ་ (Fabian Molina) མཆོག་གིས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་མི་མང་ལ་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།དེ་བཞིན་ཇར་མ་ནཱིའི་ནང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ནས་ཇར་མ་ནཱིའི་གྲོང་ཁྱེར་བྷར་ལིན་ (Berlin) དང་། སི་ཊུ་ཊི་གྷཌ། (Stuttgart) མུ་ནིག་ (Munich) སོགས་ཀྱི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཇར་མ་ནཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མ་ཨི་ཀལ་བྷི་རན་ (Michael Brand) ལགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་ཡོད། སྐབས་དེར་ཡུ་གུར་མི་མང་གི་སྐུ་ཚབ་རྣམས་ཀྱང་མཉམ་ཞུགས་གནང་ཡོད།
ཕྱོགས་མཚུངས་ཨི་ཊ་ལཱི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ཀྱིས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་གནང་ཡོད། སི་ལོ་ཝཱ་ཀི་ཡཱ་ནང་སི་ལོ་ཝཱ་ཀི་ཡཱའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་མི་དང་མཉམ་རུབ་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེ་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མི་དང་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད།ཨོསྟྲི་ཡཱའི་ནང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ཀྱིས་གྲོང་ཁྱེར་ཝིན་ན་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད། དེ་བཞིན་ཧངྒ་རཱི་དང་བལ་གཱ་རི་ཡཱ་ནང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་གཟབ་རྒྱས་ཞུས་ཏེ་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་བཅས།།