༄༅། །བོད་རྒྱལ་ལོ་ ༢༡༤༩ བོད་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣ རབ་གནས་ཆུ་སྟག་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྲེལ་མཚོན་སླད་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་གུང་ཚིགས་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གསོལ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་རཱ་དཱ་ཀྲིཤ་ནཱ་མཱ་ཐུར་ལགས་དང་ཆེ་བསྟོད་སྐུ་མགྲོན་དུ་པུ་ནཱམ་མཱ་ཐུར་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་སོན་ལགས། སྤྱི་ཁྱབ་དྲུང་ཆེ་པཱ་ཝན་ཀོཌ་ཝལ་ལགས། དེ་བཞིན་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་གནད་ཡོད་མི་སྣ་དང་ས་གནས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་སོགས་སྐུ་མགྲོན་དུ་ཕེབས་ཡོད།མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་རཱ་དཱ་ཀྲིཤ་ནཱ་མཱ་ཐུར་ལགས་ཀྱིས་མར་མེ་ཞལ་ཕྱེ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་དང་། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་ཀྱི་ཕེབས་བསུའི་གསུང་བཤད་གནང་ཡོད་པ་བཅས། །