༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༤༩ པ་འཚོགས་བཞིན་པའི་སྐབས་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མཱརྐ། ཕ་རཱན་སི། ཇར་མ་ནཱི། ནི་དར་ལེནྜ། སྭི་ཌན། སུད་སི། ཨིན་ཡུལ། ཕིན་ལེནྜ། ཨོསྟྲེ་ལི་ཡཱ། ནོར་ཝེ། ཨཱ་ཡར་ལེནྜ་སོགས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།
དེ་ཡང་ཨིན་ཡུལ་གྱི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་རྩ་གཏོར་སླད་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཏང་དང་གཏོང་བཞིན་པའི་སྐོར་ཐུགས་འཚབ་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་གསར་འགོད་པ་རྣམས་འཛིན་བཟུང་གི་ཞེད་སྣང་དང་། སུན་གཙེར། འཁོན་ལན་མེད་པར་གསར་འགོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད།
སུད་སི་དང་ཕ་རཱན་སིའི་སྐུ་ཚབ་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་སུ་ཕྱིན་མེད་པའི་སྐོར་ཐུགས་འཚབ་གནང་ཡོད། ཇར་མ་ནཱིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་དང་། རྒྱ་ནག་གཞུང་ལ་བཀག་སྡོམ་མེད་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་གཟིགས་སྐོར་དུ་ཕེབས་འཇུག་དགོས་པའི་སྐོར་གསུངས།
ནི་དར་ལེནྜ་དང་། སྭི་ཌན། ཌེན་མཱརྐ་བཅས་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་སྐོར་གསུངས་པ་མ་ཟད། བཀག་འགོག་གང་ཡང་མེད་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་རྒྱ་ནག་གིས་གཙོས་ས་ཁུལ་གཞན་ཁག་གི་ནང་གཟིགས་སྐོར་དུ་ཕེབས་འཇུག་དགོས་པའི་འབོད་སྐུལ་གནང་ཡོད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པའི་སྐོར་གླེང་སློང་གནང་བ་མ་ཟད། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་། གསར་འགོད་པ། ཁྲིམས་རྩོད་པ་བཅས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ལ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།