༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༩ འཚོགས་བཞིན་པ་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet Jeria) མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་གཞུང་དང་མོས་མཐུན་བྱུང་བ་ལྟར་འདི་ལོ་ཕྱི་ཟླ་ ༥ ནང་ཤར་ཏུར་ཀི་སི་ཐན་དང་ས་ཁུལ་གཞན་ཁག་གཅིག་ཚུད་པའི་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་གྲ་སྒྲིག་གནང་ཡོད་སྐོར་གསུངས་འདུག
གཞན་ཡང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གཞུང་ལ་སྨྲ་བརྗོད་རང་དབང་དང་མི་མང་གི་བསམ་ཚུལ་ལ་གུས་བཀུར་དང་སྲུང་སྐྱོབ་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་མཆོག་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་གསལ་བསྒྲགས་གསན་མ་ཐག་དགའ་བསུ་ཞུས་པ་དང་སྦྲགས་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་མཆོག་ལ་རྒྱ་ནག་གཞུང་གི་སྟངས་འཛིན་མེད་པའི་འོག་རང་དབང་གི་སྒོ་ནས་བོད་ནང་ལའང་གཟིགས་སྐོར་དུ་ཕེབས་དགོས་པའི་རེ་སྐུལ་ནན་གྱིས་ཞུས་གནང་ཡོད་པ་བཅས།།