༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ལམ་འགན་འཛིན་སྐུ་ཞབས་ཕི་རན་ཛི་མཱ་ཊི་ཛི་ནར་ (Franz Matzner) ལགས་བཅས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་ (Pramila Jayapal) མཆོག་དང་མཇལ་འཕྲད་ཞུས་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་ཡིད་སྨོན་ཞུ་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་གནང་བའི་སྐབས་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་ཀྱང་ཕེབས་ཡོད།
ཐེངས་འདིའི་མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གསར་པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།
གཞན་ཡང་ཁོང་གིས་འཛིན་སྐྱོང་བཀའ་ཤག་གསར་པས་ད་བར་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་ལས་འགུལ་ཇི་བརྩམས་ཡོད་པའི་སྐོར་དང་། འབྱུང་འགྱུར་ཕྱི་ཟླ་ ༤ ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཁུལ་དུ་གཟིགས་སྐོར་ཕེབས་གཏན་ཁེལ་ཡོད་པ་སོགས་ཀྱི་སྐོར་གསུངས་པར་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ཨ་རིའི་རྒྱལ་ས་ཁུལ་དང་གྲོང་ཁྱེར་སེ་ཨ་ཊལ་ (Seattle) ཁུལ་གྱི་བོད་མི་རྣམས་དང་ཐུག་འཕྲད་གནང་འདོད་ཡོད་པའི་སྐོར་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་ལྷན་མཉམ་རུབ་ཀྱིས་བོད་དོན་སླད་ཕྱག་ལས་གནང་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་པ། མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས།།