༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ལྷག་པ་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༠༧ ནས་ ༡༦ བར་ཉིན་གྲངས་བཅུའི་རིང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་ཁག་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། སློབ་གྲྭ་ཁག རྒས་གསོ་ཁང་། དེ་བཞིན་གྲོང་སྡེ་ཁག་ལ་འཕྲོད་བསྟེན་དང་འབྲེལ་བའི་དགོས་མཁོའི་རྟོག་ཞིབ་ལེགས་པར་གྲུབ་ཡོད།དེ་ཡང་ཕྱི་ཚེས་ ༠༧ ནས་ ༡༦ བར་ས་གནས་ཀྱི་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ་དང་སྨན་ཁང་འགན་འཛིན། སྨན་པ། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་འགན་འཛིན་དང་སྨན་པ། ལས་བྱེད། སློབ་གྲྭ་ཁག་གསུམ་གྱི་སློབ་སྤྱི་དང་དགེ་ཆེ་གཙོས་པའི་དགེ་རྒན། རྒས་གསོ་ཁང་གི་ལས་སྣེ། གྲོང་སྡེ་སྤྱི་མི། རྩེད་རིགས་ཚོགས་ཆུང་གི་ཚོགས་མི། ཁྱབ་ཁོངས་མི་མང་། ལྷག་པར་འཕྲོད་བསྟེན་ལས་གཞིའི་ཁོངས་སུ་ཁེ་ཕན་ཐོབ་མཁན་བཅས་དང་ཐུག་འཕྲད་ཀྱིས་ས་གནས་སུ་བཅར་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་རྗེས་འཕྲོད་བསྟེན་དང་འབྲེལ་བའི་དགོས་མཁོའི་རྟོག་ཞིབ་དང་། འཕྲོད་བསྟེན་ལས་གཞི་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་བསྡུ་ལེན་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།