༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༡༠༢ དེ་སྨན་པ་ཚེ་རིང་མཚམས་གཅོད་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་ལས་བྱེད་ཚེ་རིང་དབྱངས་སྒྲོན་ལགས། སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཀྱིས་སྤེལ་གནང་སོང་།
དེ་ཡང་ཐོག་མར་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་ས་གནས་ཁག་ ༣ ནང་གི་བོད་མི་གྲངས་ ༡༢ རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༣ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༢༥ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། ད་བར་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་སྨན་རྩིས་ཁང་གི་མཐུན་འགྱུར་འོག་ཁྱོན་མི་གྲངས་ ༥༧༤༣༦ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་བགོ་འགྲེམས་གནང་ཡོད།
གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་གྲངས་ ༠༩ ནས་བོད་མི་གྲངས་ ༥༧༦ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༩༥༥ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༤༠༠ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་རྒྱ་གར་ནང་རང་ལོ་ ༡༥ ནས་ ༡༧ བར་གྱི་བྱིས་པ་གྲངས་ ༦༩༥ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༧༥༢ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་མ་ཟད། རང་ལོ་ ༦༠ ཡན་གྱི་རྒན་རྒོན་དང་མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༦༩༥ ལ་ནུས་སྤར་སྔོན་ཁབ་བརྒྱབ་ཟིན། གཞན་ཡང་བལ་ཡུལ་ནང་གི་བོད་མི་རང་ལོ་ ༡༨ ཡན་གྱི་མི་གྲངས་ ༧༠༢༩ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། རང་ལོ་ ༡༨ མན་གྱི་བྱིས་པ་གྲངས་ ༡༠༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་ཐོབ་ཟིན་པ་དང་། བྱིས་པ་གྲངས་ ༡༥ ལ་སྔོན་འགོག་སྨན་ཁབ་ཐུན་དང་པོ་ཐོབ་ཡོད་པ་དང་མི་གྲངས་ ༡༨༡ ལ་ནུས་སྤར་སྔོན་ཁབ་ཐོབ་ཡོད། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༦ ནས་རྒྱ་གར་རྒྱལ་ཡོངས་ནང་བྱིས་པ་རང་ལོ་ ༡༢ ནས་ ༡༦ བར་སྔོན་འགོག་སྨན་ཁབ་རྒྱག་འགོ་ཚུགས་ཡོད་སྟབས་ས་གནས་ཁག་གི་འབྲེལ་ཡོད་རྣམ་པས་འགན་བཞེས་པའི་ཐོག་ནས་བྱིས་པ་རྣམས་ལ་སྔོན་འགོག་སྨན་ཁབ་དུས་ཐོག་འཐུབ་སླད་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༡༧ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༠༨ དང་། བུད་མེད་གྲངས་ ༠༩ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༧༦ དང་ཆུང་ཤོས་དེ་བྱིས་པ་ལོ་བཅུ་གཅིག་ཡིན།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༩༡༤༥ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༨༩༦༦། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༧། ད་ལྟའི་ཆར་རྒྱ་གར་ནང་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༢ ཡོད། ཅེས་སོགས་གསུངས་གྲུབ་མཚམས་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། སྤྱིར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་ཡོད་ཀྱང་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ནད་པའི་གྲངས་འབོར་ཀེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཆགས་འདུག་པ་མ་ཟད། ལྷོ་ཀོ་རི་ཡ་དང་། རྒྱ་ནག ཨཕ་རི་ཀའི་ལུང་པ་ཁག་གཅིག་ནང་ནད་པའི་གྲངས་འབོར་འཕར་ཏེ་དཀའ་ངལ་འཕྲད་བཞིན་ཡོད།
ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་ཉུང་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་གཉིས་དང་ལྔ་བརྒྱ་སུམ་ཅུ་སོ་དགུ་བྱུང་འདུག་པ་དང་། ནད་ཡམས་འདི་ལ་བརྟེན་ནས་མི་གྲངས་དྲུག་ཅུ་འདས་གྲོངས་སུ་གྱུར་འདུག འཛམ་གླིང་ཡུལ་གྲུ་ཁག་གཅིག་གི་ནང་ནད་པའི་གྲངས་འབོར་འཕར་བ་ནང་ལྟར་ཟླ་བ་ཁ་ཤས་རྗེས་རྒྱ་གར་ནང་དུའང་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུའི་ཆོད་དཔག་བྱེད་བཟིན་ཡོད་པར་བརྟེན་ཚང་མས་ལྷོད་གཡེང་མེད་པར་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་སྟེན་རོགས། དེའི་ནང་ནས་གལ་ཆེ་ཤོས་དེ་ཁ་རས་ངེས་པར་དུ་གྱོན་དགོས་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་རྒྱུ། གལ་ཏེ་ནད་རྟགས་ཡོད་ན་བརྟག་དཔྱད་ངེས་པར་དུ་གནང་དགོས། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ནས་བཟུང་རྒྱ་གར་ནང་གི་བྱིས་པ་རང་ལོ་ ༡༢ ནས་ ༡༦ བར་ལ་ (Corbevax) ཞེས་པའི་སྔོན་འགོག་སྨན་ཁབ་ཐེངས་གཉིས་རིང་བརྒྱག་རྒྱུ་རེད་འདུག སྔོན་འགོག་སྨན་ཁབ་དང་པོ་དང་གཉིས་པའི་དབར་ཉིན་གྲངས་ ༢༨ རིང་བར་ཐག་འཇོག་རྒྱུ་རེད་འདུག ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༠༢ དེ་མཇུག་སྒྲིལ་གནང་ཡོད། །