༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་མི་ལོ་དྲུག་ཅུ་རེ་གསུམ་འཁོར་བའི་ཉིན་མོ་ཡིན་ལ། ས་བྱི་ཞི་རྒོལ་ཆེན་མོ་སྟེ། ཕྱི་ལོ་ ༢༠༠༨ ཟླ་ ༣ པ་ནས་བཟུང་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱུང་ནས་ལོ་ངོ་ ༡༤ འཁོར་བའི་ཉིན་མོའང་ཡིན་པས། བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང༌། ད་ལྟའང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེ་མཐུ་དཔུང་བསྐྱེད། །ཅེས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ཡིན།
བོད་མི་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་ནང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་མངའ་ཐང་རྩེར་སོན་གྱི་བྱུང་རབས་ཡོད་པ་དང་། བོད་སིལ་བུའི་རྗེས་སུའང་དབུས་ཤར་ཨེ་ཤ་ཡའི་ནང་ཧོར་སོག་གི་དྲག་ཤུགས་དང་། རྒྱ་ཡི་ཆབ་སྲིད། བོད་ཀྱི་ནང་ཆོས་བཅས་ཁུལ་དེར་ཤུགས་རྐྱེན་ཆེ་ཤོས་སུ་བརྩི་སྲོལ་ཡོད་ལ། རྒྱ་ནག་དབང་བསྒྱུར་བྱེད་མཁན་མི་རིགས་གཞན་དང་རྒྱ་རིགས་ཀྱི་རྒྱལ་རབས་རིམ་བྱུང་དང་བོད་དབར་མཆོད་ཡོན་གྱི་འབྲེལ་ལམ་ཚུགས་ཏེ། དུས་ཡུན་ཕལ་ཆེ་བ་ཕན་ཚུན་མཛའ་མཐུན་ངང་གནས་ཐུབ་ཡོད།
རྒྱ་ནག་གུང་ཁྲན་ཏང་གིས་དང་ཐོག་ཨུ་རུ་སུ་ལ་དཔེ་བལྟས་ནས་མི་རིགས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ནའང་། སྲིད་དབང་བཙུགས་པའི་ཉིན་ཤས་གོང་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནས་གཏན་འབེབས་བྱས་པའི་ཐུན་མོང་རྩ་འཛིན་དུ་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་སྲོལ་གཏན་འཁེལ་བྱས་ཤིང་། ༡༩༤༩།༡༠།༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་མཛད་སྒོའི་སྟེང་བོད་བཅིངས་འགྲོལ་གཏོང་རྒྱུ་ཟེར་བའི་གསལ་བསྒྲགས་བྱས་པ་དང་། མདོ་ཁམས་ཀྱི་ས་སྡེ་ཁག་ཅིག་བཙན་བཟུང་བྱས་ཟིན་པའི་ཐོག །ཕྱི་ལོ་ ༡༩༥༠ ལོར་ཆབ་མདོར་དྲག་རྒོལ་བྱས་ཏེ་བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་བཏང་རྗེས། ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འགེལ་གྱིས་བོད་ས་ཡོངས་རྫོགས་ཐེངས་དང་པོར་རྒྱ་ནག་གི་དབང་བསྒྱུར་འོག་བཅུག་ཡོད།
༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། བོད་གཞུང་ནས་རྒྱ་ནག་མཉམ་གྲོས་མཐུན་གྱི་རྨང་གཞིའི་སྟེང་ལས་དོན་མཉམ་སྒྲུབ་ཀྱི་མཐུན་ལམ་ཡོད་རྒུ་གནང་ཡང་། རྒྱ་ནག་གཞུང་དང་བོད་འབྱོར་རྒྱ་དམག་གིས་དབང་ཤེད་བརྙས་གཙེར་ཁོ་ནས་མཉམ་གནས་ཀྱི་གཞི་རྟེན་བཤིག་པར་བརྟེན། ༸གོང་ས་མཆོག་དང་བོད་མི་བརྒྱད་ཁྲི་ཙམ་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་ཡོད།
རྒྱ་གཞུང་གིས་ ༡༩༥༦ ལོ་ནས་མདོ་ཁམས་གཉིས་སུ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་འགོ་བཙུགས་ཏེ། དྲག་པོའི་ཐོག་ནས་དགོན་པ་གཏོར་བཤིག་དང་། བླ་གྲྭ་འཇུ་བཟུང་བྱས་ཡོད་ནའང་། མི་རིགས་གནད་དོན་ལ་ལངས་ཕྱོགས་ཁ་གསལ་བཟུང་མེད། ཕྱི་ལོ་ ༡༩༥༨ ལོར་ཨ་མདོ་ཡ་ཙི་ས་གནས་ཀྱི་བོད་རིགས་དང་ཟ་ལར་གྱི་དྲག་རྒོལ་དོན་རྐྱེན་བྱུང་བ་ཞིག་ལ་དམིགས་ཏེ། མའོ་ཙེ་ཏུང་གིས་མི་རིགས་གནད་དོན་གྱི་དོན་དངོས་ནི་གྲལ་རིམ་གྱི་གནད་དོན་ཡིན་ཞེས་མཛུབ་སྟོན་བྱས་པར་བརྟེན། བོད་ས་ཡོངས་སུ་དེར་མཐུད་པའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་། རིག་གནས་གསར་བརྗེ་སོགས་དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་འབྲས་སུ། བོད་རིགས་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་པ་དྲུག་སྟོང་ལྷག་གཏོར་བཤིག་གིས་བོད་ནང་བོད་མིའི་རིགས་རྒྱུད་རྩ་གཏོར་གྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་ཡོད།
ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་རྒྱལ་ཡོངས་སུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་དང་སྦྲགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཞི་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཁྱབ་བསྒྲགས་དང་། བོད་རིགས་རང་སྐྱོང་ཁུལ་དང་། རང་སྐྱོང་རྫོང་སོ་སོ་ནས་རང་སྐྱོང་གི་སྲོལ་ཡིག་དང་། ཁེར་སྤྱོད་སྲོལ་ཡིག་ཇི་སྙེད་ཅིག་ཁྱབ་བསྒྲགས་བྱས་ཏེ། དགོན་པ་ཉམས་གསོ་དང་། གྲྭ་བཙུན་གྱི་སློབ་གཉེར་སླར་གསོ། མི་རིགས་སྐད་ཡིག་སློབ་གསོ་ཁྱབ་གདལ། མི་རིགས་ལས་བྱེད་སྐྱེད་སྲིང་། ས་ཞིང་འགན་གཙང་ལམ་ལུགས་ཀྱིས་མཚོན་པའི་གུ་ཡངས་སྲིད་ཇུས་ལ་ཁྲིམས་ཀྱི་རྒྱབ་རྟེན་ཡོད་པའི་ཐོག་ནས་འགན་སྲུང་གང་ཙམ་བྱེད་ཐུབ་ཡོད་ཅིང་། རྒྱ་གར་ནས་གཟིགས་སྐོར་ཚོགས་པ་དང་། སྐུ་ཚབ་ཚོགས་ཆུང་སྔ་རྗེས་མངགས་གཏོང་དང་། བོད་ཕྱི་ནང་དབར་གཉེན་འཕྲད་འགྲོ་འོང་སྒོ་ཕྱེས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བའི་རེ་བ་ཅུང་ཟད་མངོན་ཡོད།
ཡིན་ནའང་། ཧུའུ་ཡའོ་པང་སོགས་བསམ་བློ་གུ་ཡངས་འཛིན་མཁན་སྲིད་སྟེགས་ལས་ཕབ་པ་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་གློ་བུར་དུ་གཞིས་ཀ་རྩེར་དགོངས་པ་རྫོགས་པ། ལྷ་སར་བོད་མིའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལ་དྲག་པོའི་ཁྲིམས་གཞི་བསྡམས་པ་དང་། པེ་ཅིང་དུ་དྲུག་བཞི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན། བཙན་བྱོལ་བོད་གཞུང་དང་། རྒྱ་གཞུང་དབར་ཞི་མོལ་གྱི་འབྲེལ་ལམ་ཆད་པ་སོགས་རྒྱུ་རྐྱེན་དུ་མར་བརྟེན། ལོ་རབས་དགུ་བཅུ་ནས་བཟུང་བོད་ཁུལ་འཛུགས་སྐྲུན་ལ་བསྙད་དེ་རྒྱ་རིགས་མི་འབོར་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཞི་རིམ་ཏང་གི་སྒྲིག་འཛུགས་རྒྱ་བསྐྱེད་ལ་བརྟེན་ནས་རིམ་པ་སོ་སོའི་སྲིད་གཞུང་རྣམས་སུ་རྒྱ་རིགས་ལས་བྱེད་གསར་འཇུག་སྤར་སྣོན། འོས་འགན་སློབ་གསོའི་སྲིད་ཇུས་ལ་བརྟེན་ནས་གྲྭ་བཙུན་གྱི་ཡོང་ཁུངས་བཙན་གཅོད། དགོན་སྡེ་དམངས་གཙོ་དོ་དམ་ཨུ་ལྷན་བཅོས་སྒྲིག་བྱས་ཏེ་དགོན་པ་གྲྭ་ཚང་ལ་དམར་ཤོག་གིས་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་།
ནུབ་ཁུལ་གསར་སྤེལ་ཆེན་མོ་ཟེར་བའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། བོད་ཁུལ་དུ་རྒྱ་གཞུང་གི་དབང་བསྒྱུར་སྟབས་བདེ་དང་། རྒྱ་རིགས་འཚོ་གནས་ལ་ཕན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བོད་ཀྱི་ཐོན་ཁུངས་སྔོག་འདོན། སྐད་གཉིས་སློབ་གསོའི་དམིགས་ཚད་གཏན་འབེབས་བརྒྱུད་ནས་རྒྱའི་སྐད་ཡིག་ཁྱབ་སྤེལ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་སྲོལ་ལ་ལྟོས་མེད་ཀྱི་སྒོ་ནས་དགོན་སྡེ་གྲྭ་ཚང་ཁག་དང་། དད་ལྡན་མང་ཚོགས་ལ་དབང་བསྒྱུར་སྟངས་འཛིན་བདེ་སླད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་གཞུང་གིས་གཅིག་བསྡུས་བྱས་པའི་སྲིད་ཇུས་དེ་དག་གི་མཇུག་འབྲས་ནི་ ༢༠༠༨ ལོར་བོད་ཁམས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་དང་། བོད་རྒྱ་འབྲེལ་མོལ་སྐབས་གཉིས་པའང་ ༢༠༡༠ ལོ་ནས་མཚམས་ཆད་ཡོད།
ས་བྱི་ཞི་རྒོལ་ཆེན་མོར་དྲག་གནོན་འོག་བོད་མི་བརྒྱ་ཕྲག་དུ་མའི་ཚེ་སྲོག་ཤོར་བ་དང་། སྟོང་ཕྲག་དུ་མ་བཙོན་འཇུག་བྱས་པ་མ་ཟད། དེའི་རྗེས་འབྲེལ་དུ་བོད་ས་ཡོངས་སུ་དྲག་དཔུང་ཕོན་ཆེ་འགྲེམས་འཇོག་དང༌། བོད་མིར་འགྲུལ་བཞུད་བཀག་སྡོམ། སློབ་གྲྭ་ཁག་གི་སློབ་ཁྲིད་སྐད་ཡིག་རྒྱ་སྐད་དུ་བསྒྱུར་ཤུགས་ཆེ་རུ་བཏང་བ་དང་། ཆོས་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་སོགས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བར་བརྟེན། ཕྱི་ལོ་ ༢༠༠༩ ནས་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་སྟེ། ད་བར་བོད་མི་ ༡༥༦ ཙམ་གྱིས་བོད་ལ་རང་དབང་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རང་ལུས་ཞུགས་འབུལ་གནང་ཡོད།
ད་ལྟའི་ཆར་བློ་གཡེང་ཆེ་ཤོས་ཤིག་ནི། བོད་ནང་བོད་པའི་མི་རབས་གསར་པ་རྣམས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པ་དེ་ཡིན།
ཕྱི་ལོ་ ༢༠༡༡ ལོར། རྒྱ་ནག་དམར་ཤོག་གི་བློ་འདོན་པ་ཁག་ཅིག་གིས་ད་ལྟ་སྤྱོད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་དོར་ནས་མི་རབས་གཉིས་པའི་མི་རིགས་སྲིད་ཇུས་ཟེར་བ་ལག་བསྟར་དགོས་ལུགས་བསྒྲགས་ཏེ། མི་རིགས་ ༥༦ གི་འདུ་ཤེས་ཇེ་ཆུང་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ངོ་རྟགས་འདུ་ཤེས་ཤུགས་ཆེར་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སྲིད་ཇུས་ལག་བསྟར་དགོས་སྐོར་དང་། དེ་ཡང་གྲངས་ཉུང་མི་རིགས་ལ་གཟིགས་སྐྱོང་གི་སྲིད་ཇུས་ཕྱིར་བསྡུ་དང་། མི་རིགས་སོ་སོའི་སྤྱི་མང་རྣམས་འདྲེས་སྡོད་བསྲེས་སྡོད། ལམ་ལུགས་རང་བཞིན་གྱི་མི་རིགས་གཉེན་སྡེབ་དང་། བཙན་ཤེད་ཀྱིས་རྒྱའི་སྐད་ཡིག་ཁྱབ་སྤེལ། མི་རིགས་སློབ་གྲྭ་ཁག་ཕྱིར་བསྡུ་སོགས་ཀྱི་བསམ་ཚུལ་བཏོན་འདུག་པ་དེ་དག་ད་ཆ་དངོས་སུ་བོད་ཁུལ་དུ་ལག་བསྟར་བྱས་དང་བྱེད་བཞིན་ཡོད།
༢༠༡༢ ལོར། རྒྱ་ནག་གི་གྲོང་གསེབ་ཀྱི་སློབ་ཆུང་ཁག་ཟླ་བསྒྲིལ་གྱི་སྲིད་ཇུས་ལ་སྤྱི་ཡོངས་ནས་ངོ་རྒོལ་གྱི་བསམ་ཚུལ་ཤུགས་ཆེན་འབྱུང་བཞིན་པར་དམིགས་ཏེ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པ་བར་གཏན་སྡོད་མ་དགོས་པའི་སྲིད་ཇུས་བཅོས་སྒྲིག་བྱས་ཡོད་ནའང་། ༢༠༡༥ ལོར་བརྡ་ཁྱབ་ཅིག་བཏང་སྟེ། མི་རིགས་སོ་སོའི་སློབ་མ་སློབ་གྲྭར་སློབ་གཉེར་དང་། སློབ་གྲྭར་འཚོ་སྡོད། སློབ་གྲྭར་འཚར་ལོངས་ཀྱི་དམིགས་ཚད་བཟུང་སྟེ། ཞིབ་ཆའི་བྱེད་ཕྱོགས་རྣམས་གཏན་འབེབས་ལག་བསྟར་བྱས་ཡོད་པ་དང་། རགས་རྩིས་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་བོད་ཁུལ་ཡོངས་སུ་སློབ་ཕྲུག་སྤྱིའི་བསྡོམས་འབོར་གྱི་བརྒྱ་ཆ་ ༧༨ ཙམ་ཞིག་གཏན་སྡོད་སློབ་གྲྭའི་ནང་བཅུག་ཡོད་འདུག
༢༠༢༡ ལོའི་ཟླ་ ༨ ནང་། རྒྱ་ནག་སློབ་གསོ་ལས་ཁུངས་ནས་སློབ་ལོ་མ་སོན་པའི་བྱིས་པར་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ “བྱིས་སྐད་སྒྲ་མཚུངས་” འཆར་གཞི་ལག་བསྟར་གྱི་བརྡ་ཁྱབ་ཅིག་སྤེལ་ཏེ། ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པའི་རིང་། མི་རིགས་ས་ཁུལ་དང་། ཞིང་གྲོང་ས་ཁུལ་གྱི་སློབ་ལོ་མ་སོན་པའི་བྱིས་པ་རྣམས་རིམ་པ་བཞིན་གཞི་རྩའི་ཐོག་ནས་སྤྱི་སྤྱོད་སྐད་ཡིག་བརྒྱུད་ནས་བརྡ་སྤྲོད་ཀྱི་ནུས་པ་ལྡན་ཐུབ་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གཉེར་ལ་སྐད་ཡིག་གི་རྨང་གཞི་ལེགས་པོ་འདིང་དགོས་པའི་བྱེད་ཐབས་གཏན་འབེབས་བྱས་འདུག
བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་བུ་བཅོལ་ཁང་གསར་བསྐྲུན་དང་། གཏན་སྡོད་སློབ་གྲྭའི་ལམ་ལུགས་བཙན་འགེལ་བྱས་ཏེ། སྔོན་འགྲོ་ནས་མཐོ་སློབ་བར་རྒྱའི་སྐད་ཡིག་ཁྱབ་སྤེལ་བྱེད་བཞིན་པ་དེས། བོད་ཀྱི་བུ་ཕྲུག་རྣམས་ཕ་མེས་ཀྱི་ཆོས་རིག་དང་ཁ་བྲལ་གཏོང་རྒྱུར་ལོ་ལྔ་ཚན་གསུམ་བཞི་རིང་མཇུག་འབྲས་ཡ་ང་བ་ཞིག་འབྱུང་ཉེན་ཡོད།
དེ་བཞིན་དུ་བོད་རིགས་རང་སྐྱོང་ས་གནས་ཁག་ཏུ་ལས་བྱེད་གསར་འདེམས་བྱེད་སྐབས། བོད་སྐད་ཡིག་གི་རྒྱུགས་ཤོག་མེད་པ་བཟོས་ཏེ། རྒྱའི་སྐད་ཡིག་གིས་རྒྱུགས་ལེན་བྱེད་བཞིན་ཡོད།
རྒྱ་ནག་གི་སྲིད་ཇུས་འདི་དག་ཚང་མ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་བ་དེའི་དར་ཆའི་འོག་ནས་སྤེལ་བཞིན་པ་དང་། འདི་ལྟར། འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་འཕྲོག་པ་དང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་མེད་པ་བཟོས་པ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་གཏན་འབེབས་བྱས་པ་རྣམས་རྩབ་དབྲལ་བཏང་བ་ཞིག་ཏུ་མ་ཟད། ༢༠༡༨ ཟླ་ ༩ ནང་རྒྱ་ནག་ཁྲང་ཧྲ་རུ་ཚོགས་པའི་འཛམ་གླིང་སྐད་ཡིག་ཐོན་ཁུངས་སྲུང་སྐྱོབ་ཚོགས་ཆེན་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདོད་མའི་མི་རིགས་ཀྱི་ཐོབ་ཐང་བསྒྲགས་གཏམ། སྤྱི་མང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐོག་རྒྱལ་སྤྱིའི་བསྒྲགས་གཏམ་སོགས་རྒྱ་ནག་གཞུང་གིས་སོ་སོས་མོས་མཐུན་བྱས་ཟིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་གསལ་བསྒྲགས་དང་། རྒྱལ་ཚོགས་ཀྱི་བསྒྲགས་གཏམ་ཁག་གི་ནང་དོན་ལ་རྒྱལ་འགལ་བྱེད་པར་ཚམ་ཚོམ་འཛེམས་ཟོན་གང་ཡང་བྱེད་ཀྱི་མེད་པའང་གསལ་པོ་ཡིན།
ང་ཚོས་ཀྲུང་ཧྭ་མི་རིགས་ལ་གུས་བཀུར་ཞུ་གི་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གཞུང་ལ་བརྩི་མཐོང་ཞུ་གི་ཡོད་ཀྱང་། ང་ཚོ་དེ་དག་དང་གཅིག་མཐུན་འདུས་གྲུབ་ཡིན་པའི་ངོས་ལེན་བྱེད་ཐབས་མེད། ང་ཚོས་བོད་མི་རིགས་ནི་མིའུ་གདུང་དྲུག་ལས་མཆེད་པར་འདོད་ལ། བོད་ཀྱི་རིག་གཞུང་ནི་གཡུང་དྲུང་བོན་དང་ནང་ཆོས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་འདོད་ཡོད་པའི་རྒྱུ་མཚན་ནི། རྩ་ཁྲིམས་དེའི་ནང་མི་རིགས་འདྲ་མཉམ་གྱི་རྩ་དོན་གསལ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་གཞི་རིམ་ཐོབ་ཐང་གང་འཚམ་ཞིག་འགན་ལེན་བྱས་ཡོད་པའི་ཆ་ནས་ཡིན་པ་དང་། དེ་ལས་ལྡོག་སྟེ། རྩ་ཁྲིམས་འགྲེལ་བརྗོད་ཀྱི་དབང་ཚད་ལྡན་པའི་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ནས་རྒྱའི་སྐད་ཡིག་ཁྱབ་སྤེལ་སླད། ༢༠༢༡ ཟླ་ ༡༢ ནང་མི་རིགས་སྐད་ཡིག་ཐོག་སློབ་ཁྲིད་དང་འབྲེལ་བའི་ཁྲིམས་སྒྲིག་རྣམས་བཀའ་བཏང་ནས་ཕྱིར་བསྡུ་བྱེད་དུ་བཅུག་འདུག་པ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྙིང་དོན་ལ་རྒྱབ་འགལ་གྱི་འགྲེལ་ལོག་བྱས་པ་ཞིག་ཡིན།
རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགའ་ཞེན་གྱི་འདུ་ཤེས་བསྐྲུན་འདོད་ཡོད་ཚེ། བོད་རྒྱ་མི་རིགས་དབར་སྲིད་པ་ཆགས་པ་ནས་བཟུང་ཁྱིམ་མཚེས་སུ་གནས་ཏེ་གཅིག་ཕན་གཅིག་གྲོགས་དང་། མཛའ་མཐུན་མཉམ་གནས་ཀྱི་བྱུང་རབས་ལོ་རྒྱུས་ལ་ངོས་ལེན་ཐོག །བོད་མི་རིགས་ཐེ་བའི་མི་རིགས་གཞན་གྱི་གཞི་རྩའི་ཐོབ་ཐང་ལ་འགན་ལེན་ཡོད་པའི་རྩ་ཁྲིམས་ལ་བརྩི་བཀུར་ཞུས་ཏེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་། བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་གཏོང་བའི་སྲིད་ཇུས་མཚམས་འཇོག་ཡོ་བསྲང་བྱེད་དགོས་ཤིང་། བོད་རྒྱ་མི་རིགས་གཉིས་དབར་འཁོན་འགྲས་འབྱུང་གཞིའི་བསམ་སྤྱོད་རྒྱང་དུ་དོར་ཏེ། བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས།
དེང་སང་བོད་ནང་ལྕགས་ལམ་དང་གཞུང་ལམ་དྲ་བ། གནམ་ཐང་། ཆུ་མཛོད་སོགས་འཛུགས་སྐྲུན་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གསར་འཛུགས་ལ་ཁ་གཡར་ནས་ཞིང་འབྲོག་མང་ཚོགས་རྣམས་ཡུལ་གཞན་དུ་གཞིས་སྤོ་བྱེད་དུ་བཅུག་སྟེ་འཚོ་གནས་ཁོར་ཡུག་བཙན་བསྒྱུར་དང་། ཞིང་འབྲོག་མང་ཚོགས་རྣམས་དབུལ་ཕོངས་ལས་གྲོལ་བའི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་གི་མིང་ཐོག་ནས་ཡུལ་གཞན་དུ་སྤོ་བཤུག་ལ་སྐུལ་འདེད། བོད་རིགས་སློབ་མ་རྣམས་རྒྱ་ནང་གི་ཁེ་ལས་སྡེ་ཁག་ཏུ་ལས་ཞུགས་བཀོད་སྒྲིག །མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང་ཞེས་བོད་རྒྱ་མི་རིགས་གཉེན་སྡེབ་ལ་སྐུལ་སློང་སོགས་བརྒྱུད་བོད་རིགས་རྒྱ་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་གི་ཡོད་པ་དང་། སྤྲུལ་སྐུའི་ཡང་སྲིད་ལ་ཐེ་ཇུས་དང་། དགོན་པ་གྲྭ་ཚང་ལ་སྟངས་འཛིན། གྲྭ་བཙུན་གྱི་སློབ་གཉེར་ལ་ཚོད་འཛིན་དང་འགྲོ་འོང་ལ་དམ་བསྒྲགས་ཙམ་དུ་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་ཀྱི་དར་ཆའི་འོག །སྔ་ལོར་དྲ་ལམ་ནས་ཆོས་འཆད་ཉན་མི་ཆོག་པའི་དམ་བསྒྲགས་དང་། བྲག་འགོ་དགོན་པའི་སྐུ་བརྙན་དང་མ་ཎི་འཁོར་ཁང་གཏོར་བཅོམ། མཁར་དམར་དགོན་པ་སྒོ་རྒྱག་རྒྱུའི་བཙན་བཀའ་བཏང་བ། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་སོགས་ཤེས་ཡོན་ཅན་དང་། དགེ་རྒན། སློབ་ཕྲུག །ཐོབ་ཐང་ལས་འགུལ་བ་འཇུ་བཟུང་བཙོན་འཇུག་གི་གནས་ཚུལ་ཡང་རྒྱུན་ཆད་མེད་པར་ཡོང་བཞིན་ཡོད། དེ་བཞིན་དུ་རྒྱ་ནག་ནང་སར་བཞུགས་པའི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་དང་། མཆོད་རྟེན་གཏོར་བཤིག་དང་། དེ་དག་གི་བོད་ལུགས་ཀྱི་བཀོད་དབྱིབས་དང་། ལྡེབས་རིས། བོད་ཡིག་བཅས་པ་བསྒྱུར་བཅོས་བྲིས་བསུབ་བཏང་བའི་གནས་ཚུལ་ཡང་བརྒྱུད་ལམ་ཁག་ཏུ་ཐོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབ་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། ཡང་སྒོས་སུ་རྒྱ་ནག་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་ནོར་འཁྲུལ་སྲིད་ཇུས་མཚམས་འཇོག་ཡོ་བསྲང་ཡོང་བའི་སྐུལ་འདེབས་ཀྱི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད།
ང་ཚོ་ནི་བོད་ནང་གི་སྤུན་ཟླ་ཚོའི་རང་དབང་གི་མགྲིན་ཚབ་པ་ཡིན་སྟབས། བོད་རྒྱའི་དཀའ་རྙོག་གཙང་སེལ་མ་བྱུང་བར་དུ། རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་དང་། བོད་མིའི་ཐོབ་ཐང་འཕྲོག་བཅོམ་གྱི་གདུག་རྩུབ་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་དངོས་དོན་རྣམས་སྐབས་འཕྲལ་སོ་སོར་རང་རིགས་གཞོན་སྐྱེས་གཙོས་པའི་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བརྒྱུད་རང་དབང་ཡུལ་གྲུ་ཁག་གི་གྲོས་ཚོགས་དང་། སྲིད་གཞུང་། བློ་འདོན་ལྟེ་གནས་ཁང་། གསར་འགྱུར་བརྒྱུད་ལམ་ཁག་བཅས་པར་འདོན་འབུལ་ཞུས་ཏེ། གྲུབ་འབྲས་ནུས་ལྡན་འབྱུང་བའི་ཐབས་ཚུལ་མཐའ་དག་ལ་འབད་འབུངས་བྱ་རྒྱུ་ཡིན།
རྒྱ་གཞུང་གིས་གདུག་རྩུབ་སྲིད་ཇུས་ཇི་ལྟར་རྒོད་ནའང་། གཞིས་བཞུགས་སྤུན་ཟླ་རྣམ་པས་རང་མི་རིགས་ཀྱི་ཆོས་རིག་དང་། སྐད་ཡིག །ཡུལ་གོམས་གཤིས་ལུགས་གཅེས་ཉར་དང་། ཁོར་ཡུག་སྲུང་སྐྱོབ་ཐོག་བློ་སྟོབས་འགྱུར་མེད་ཀྱིས་འགན་ཁུར་ལེན་བཞིན་པ་ནི་བཙན་བྱོལ་བོད་མིའི་སེམས་ཤུགས་ཀྱི་རྒྱབ་རྟེན་གཙོ་བོ་དེ་ཡིན་ཞིང་། ཁོང་རྣམ་པས་འགན་ཁུར་བཞེས་བཞིན་པ་དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་ལ། རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཀྱང་ཡིན་པར་བརྟེན། སྙིང་སྟོབས་འགྱུར་མེད་ཀྱི་ཐོག་ནས་རང་མི་རིགས་ཀྱི་ངོ་བོ་གཅེས་ཉར་གྱི་ཐོབ་ཐང་བརྩོན་ལེན་ཐོག་འབད་འབུངས་རྒྱུན་བསྲིངས་གནང་གལ་དང་། བྱེས་འབྱོར་བོད་མི་རྣམས་ནས་ཀྱང་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་སྲིད་ཇུས་ངོས་ཟིན་པའི་ཐོག་ནས་རང་མི་རིགས་ཀྱི་ངོ་བོ་གཅེས་ཉར་ཐད་ཁུར་བརྩོན་སྔར་ལྷག་སྐྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
བོད་མི་རྣམས་གཞན་ཡུལ་དུ་བཙན་བྱོལ་གྱི་ལོ་ངོ་འདི་དག་རིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག །སྒྲིག་འཛུགས་ནུས་ལྡན་དང་སྤྱི་ཚོགས་ཡར་རྒྱས་ཀྱི་གྲུབ་འབྲས་འབུར་ཐོན་བྱུང་ཡོད་པ་ཚང་མའི་དྲན་ཡུལ་དུ་ཉར་རོགས་ཞུ།
འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་མགོན་གནང་མཁན་རྒྱ་གར་དབུས་སའི་གཞུང་གིས་གཙོས་པའི་མཛའ་འབྲེལ་རྒྱལ་ཁབ་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་པར་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད། ཨ་རི་གཞུང་གིས་ཉེ་ལམ་དམིགས་བསལ་བོད་དོན་འབྲེལ་མཐུད་པ་བསྐོ་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོར་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་དང་། དེ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་དབུ་མའི་ལམ་གྱི་སྲིད་ཇུས་ལ་གདེང་འཇོག་གིས་རྒྱབ་སྐྱོར་ཡོང་བའི་རེ་བ་འཆང་བཞིན་ཡོད།
དེ་བཞིན་དུ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མེ་ཤལ་བྷའེ་ཆི་ལཊ་མཆོག་ (Michelle Bachelet) ཕྱི་ཟླ་ ༥ ནང་ཤིན་ཅང་སོགས་ས་གནས་ཁག་ཅིག་ཏུ་གཟིགས་སྐོར་ལ་ཕེབས་འཆར་བསྒྲིགས་འདུག་པར། བོད་ཁུལ་དུའང་ངེས་ཕེབས་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
རང་ལོ་ ༢༦ ཡིན་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ལྷ་སར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་གྱུར་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ཀྱང་། རྒྱ་གཞུང་གི་དམ་དྲག་བཙན་པའི་དབང་གིས་ཁོང་འདས་གསོན་ཇི་ཆགས་དང་། དེ་མིན་གྱི་གནས་ཚུལ་རག་སོན་མ་བྱུང་། ང་ཚོས་གཞོན་སྐྱེས་འདིར་མཆོག་གསུམ་ཐུགས་རྗེའི་རྗེས་འཛིན་གཡེལ་མེད་གནང་བའི་སྐྱབས་སྨོན་ཞུ་རྒྱུ་དང་། བོད་དང་བོད་མིའི་གནས་སྟངས་གཉན་འཕྲང་གི་དུས་སྐབས་འདིར། ལྷག་བསམ་ཅན་གཅིག་གི་ཚེ་སྲོག་ཤོར་བ་ཡིན་ན་བོད་སྤྱི་པར་གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཡིན་སྟབས། རང་ཅག་བོད་མི་ཚོས་ཚེ་སྲོག་ལ་གཅེས་སྤྲས་ཀྱི་སྒོ་ནས་མི་ཚེའི་ནུས་རྩལ་ཡོངས་རྫོགས་བོད་བསྟན་སྲིད་མི་རིགས་ལ་སྲི་ཞུ་ཞབས་འདེགས་ཐད་ལེགས་སྐྱེས་འབུལ་ཐུབ་པའི་འབོད་སྐུལ་ཆབས་ཅིག་ཏུ་ཞུ་བཞིན་ཡོད།
དེ་རིང་གི་དུས་དྲན་འདི་ཡང་ཡུཀ་རེན་ལ་བཙན་འཛུལ་ལས་བྱུང་བའི་གཡུལ་འཁྲུག་གི་སྨག་རུམ་སྟུག་པོའི་འོག་ནས་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། གཡུལ་ཟིང་དེའི་དབང་གིས་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་རྗེས་དྲན་དང་། རྨས་སྐྱོན་ཕོག་པ་རྣམས་དང་། བཙན་བྱོལ་དུ་གྱར་བའི་ཡུཀ་རེན་གྱི་མི་མང་ས་ཡ་ ༢ ལྷག་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། འཛམ་གླིང་འདིར་རང་བྱུང་གི་ནད་ཡམས་འབྱུང་འཁྲུག་དང་། མིས་བཟོས་པའི་གཡུལ་ཟིང་གི་དཀའ་ཉེན་འདི་རིགས་གང་མགྱོགས་སངས་ནས། འགྲོ་བ་མི་རྣམས་ཞི་བདེ་བག་ཕེབས་དང་། བྱམས་བརྩེ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ལ། །