༄༅། །ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་ (Freedom House) ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ནི་ལོ་གཉིས་བསྟུད་མར་འཛམ་གླིང་ནང་ཆབ་སྲིད་ཀྱི་ཐོབ་ཐང་དང་། སྤྱི་དམངས་རང་དབང་གི་ཐད་ནས་ཆེས་རང་དབང་མེད་པའི་རྒྱལ་ཁབ་སི་རི་ཡ་ (Syria) དང་། ལྷོ་སུ་ཌན་ (South Sudan) གཉིས་དང་གཅིག་མཚུངས་ཆགས་ཡོད་པ་འཁོད་འདུག
དེ་ཡང་རང་དབང་ཁང་པའི་སྙན་ཐོའི་ནང་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་རྒྱ་ནག་ཅན་དུ་སྒྱུར་བཞིན་ཡོད་པ་མ་ཟད། སྲིད་བྱུས་ཁག་ཕྱི་གསལ་ནང་གསལ་མེད་པའི་ཐོག་ལག་བསྟར་བྱས་པ། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་རང་དབང་། བོད་མིའི་ཆོས་དད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་བཏང་བ། ཆབ་སྲིད་ཀྱི་ལྟ་བ་སྒྱུར་ཐབས་བྱས་པ་དང་བྱེད་བཞིན་ཡོད་སྟབས། བོད་ནང་རང་དབང་གི་གནས་སྟངས་འདས་པའི་ལོ་བདུན་རིང་འཛམ་གླིང་ནང་ཆེས་སྡུག་ཤོས་གྲས་སུ་ཚུད་ཡོད་པ་བཅས།།