བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། ཡིག་ཆ་ཨང་། ༧
སྔོན་གླེང་།
༄༅། །བོད་གངས་ཅན་གྱི་ཞིང་འདིར་ཕྱི་ལོའི་སྔོན་དུ་ལོ་གྲངས་ ༡༢༧ ལ་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་རྒྱལ་ཁྲིར་མངའ་གསོལ་ནས་སྤུར་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས་པ་དང་། དེ་ནས་རིམ་པས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོ་བོར་གྱུར་པའི་བཙན་པོ་རྣམས་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་མངའ་ཐང་རྒྱས་པ་མཛད་དེ་ཤར་གླིང་དབུས་མའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། དེ་རྗེས་ས་སྐྱ་དང་། ཕག་གྲུ། རིན་སྤུངས། སྡེ་པ་གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་མངའ་དབང་བསྒྱུར་ཏེ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་འདི་ཉིད་ཆོས་དང་། སྐད་ཡིག རིག་གཞུང་བཅས་ཀྱིས་ཕྱུག་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་ཕྱི་འབྲེལ་གྱི་སྲིད་བྱུས་ཀྱང་ཡོད་པའི་རང་དབང་རང་བཙན་གྱི་རྒྱལ་ཁབ་སོ་སོར་གནས་ཡོད་པ་བསྙོན་མེད་ཡིན།
འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་བྱས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང་། གང་གི་ཕེབས་རྗེས་སུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་བོད་གཞུང་གི་ལས་སྣེ་འཛིན་མཁན་ཁག་ཅིག་དང་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་ཡོད། དུས་སྐབས་སྔ་རྗེས་སུ་བོད་ནང་རྒྱ་གཞུང་གིས་བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་ཡོད་པ་དང་། དགོན་སྡེ་གྲྭ་ཚང་ ༦༠༠༠ ལྷག་གཏོར་བཅོམ་བཏང་བ། སྐུ་གསུང་ཐུགས་རྟེན་རིགས་དང་། ཕྱག་དཔེ་རྩ་ཆེན་རིགས་མེར་བསྲེགས་བཏང་བ་སོགས་སྡུག་སྦྱོང་ཚད་མེད་བཏང་སྟེ་བོད་མི་རྣམས་ཆེས་ཡ་ང་བའི་དཀའ་སྡུག་ཚད་ལས་འདས་པ་མྱངས་དགོས་བྱུང་བའི་དུས་སྐབས་སྐྱི་གཡའ་བ་ཞིག་ཏུ་གྱུར་ཡོད།
རྒྱ་གཞུང་གིས་ད་བར་བོད་བཅིངས་འགྲོལ་དང་། དམངས་གཙོ་བཅོས་བསྒྱུར། རིག་གནས་གསར་བརྗེ་ཟེར་བ་སོགས་མིང་བྱང་སྣ་ཚོགས་འོག་བོད་ཀྱི་སྣོད་བཅུད་གཉིས་ཀྱི་དཔལ་ཡོན་ལ་ཉམས་གུད་ཚད་མེད་བཏང་སྟེ། བོད་མི་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བསམ་བློའི་རང་དབང་ལ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བཅོས་བསྒྱུར་བཏང་བ། དེ་བཞིན་རྒྱ་གཞུང་གིས་བོད་ནང་ལྕགས་ལམ་གསར་བསྐྲུན་དང་། གནམ་ཐང་གསར་རྒྱག འགྲུལ་ལམ་གསར་བཟོ་དང་རྒྱ་སྐྱེད་སོགས་ལ་བསྙད་དེ་བོད་ནང་ཡར་རྒྱས་ཀྱི་འཛུགས་བསྐྲུན་སྤེལ་ཡོད་ཚུལ་སྒྲོག་བཞིན་ཡོད་ཀྱང་། དོན་དུ་མཐའ་སྲུང་དམག་གི་ལས་གཞི་རྒྱ་སྐྱེད་དང་། རྒྱ་མིའི་མི་འབོར་སྤོ་ཤུགས་ཆེ་རུ་གཏོང་བ། བོད་ནང་གི་རང་བྱུང་གཏེར་ཁ་བསྔོག་འདོན་དང་། ནགས་ཚལ་གཅོད་འབྲེག་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ཡོད་ནའང་བོད་མི་རྣམས་ཀྱིས་རང་མི་རིགས་ཀྱི་འདུ་ཤེས་དང་། སྐད་ཡིག་རིག་གཞུང་ལ་གཅེས་འཛིན་ནམ་ཡང་དོར་མེད་ཅིང་བློས་གཏོང་ཆེན་པོས་རྒྱུན་འཛིན་གནང་བཞིན་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གྲངས་གཉིས་རིང་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བ་པེ་ཅིང་དུ་ཚོགས་ཤིང་། ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ནང་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་པ། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་གཏམ་བཤད་སྤེལ་ཡོད། དེ་དག་མདོར་དྲིལ་ན་བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་དང་བློས་འགེལ་ཡོང་ཐབས་ཀྱི་སྲིད་བྱུས་ཁོ་ན་སྤེལ་དགོས་པ་བརྗོད་བཞིན་ཡོད།
ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་”ཕྱི་ལོ་ ༡༩༥༡ ནས་བོད་ལྗོངས་སུ་གུ་ཡངས་དང་འཛུགས་བསྐྲུན་འཕེལ་རྒྱས་”ཞེས་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་བཏོན་པའི་ནང་བོད་ནང་ལོ་ངོ་ ༧༠ རིང་རྨང་གཞིའི་འཛུགས་བསྐྲུན་ཡར་རྒྱས་དང་། ཆོས་དད་རང་དབང་། ཤེས་ཡོན་འཕེལ་རྒྱས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་གྱིས་མི་བདེན་རྫུན་སྒྲིག་གི་ཁུངས་ལུང་མེད་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད། དོན་དངོས་ལ་བོད་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པ་དང་། བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་། རིག་གཞུང་། ཁོར་ཡུག་བཅས་ལ་བདག་གཅེས་ཀྱི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱ་གཞུང་ནས་ཁྲིམས་འགལ་དུ་བརྩིས་ཏེ་ཉེས་མེད་བཙོན་འཇུག་བྱེད་བཞིན་པ། དགོན་སྡེ་ཁག་ཏུ་རང་ལོ་ ༡༨ མ་ཟིན་ན་གྲྭ་བཙུན་དུ་འཛུལ་ཞུགས་མི་ཆོག་པ་དང་། དགོན་པའི་ཉེ་འགྲམ་དུ་ལས་དོན་རུ་ཁག་ཟེར་བ་ཆེད་འཛུགས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྟངས་འཛིན། འདུ་ཁང་ནང་༧གོང་ས་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་གཤོམ་མི་ཆོག་པ་དང་། དེ་ལས་ལྡོག་སྟེ་རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱི་འདྲ་པར་བཙན་གྱིས་སྒྲིག་གཤོམ་བྱེད་དགོས་པ། ཕྱི་ལོ་ ༢༠༠༧ ལོར་བཀའ་རྩ་ཨང་ལྔ་པའམ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དོ་དམ་བྱ་ཐབས་ཟེར་བའི་སྒྲིག་སྲོལ་བཟོས་པ་སོགས་ཀྱིས་བོད་ཀྱི་མཐུན་མིན་ཆོས་ལུགས་ཀྱི་ལམ་སྲོལ་རྣམས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་བཅས་ནས་ཆོས་དད་རང་དབང་མེད་པ་ཤེས་ཐུབ། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་ནང་བཙན་འཛུལ་དང་བོད་བཙན་བཟུང་བྱས་པ་དེ་ཉིད་ཁྲིམས་མཐུན་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དངོས་བདེན་གང་ཡང་སྒྲུབ་མི་ཐུབ།
འདས་པའི་ལོ་ངོ་ ༧༣ རིང་རྒྱ་གཞུང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བཞིན་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་དང་། ཡུལ་སྲོལ་གོམས་གཤིས་བཅས་པར་དམ་དྲག་ཆེ་རུ་བཏང་བར་བརྟེན་བོད་མི་ཚོས་ཞི་རྒོལ་རིམ་པ་བྱས་ཤིང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བས། སྐབས་དེར་རྒྱ་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་དང་ཡོངས་སུ་འགལ་ཏེ་བོད་མི་རྣམས་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག མི་སྤྱོད་ལས་འདས་པའི་གཅར་རྡུང་དང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། བོད་མི་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་པ་དང་། བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནང་བ་ནས་བཟུང་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནང་བཅས་གཞིས་ལུས་བོད་མི་སེར་སྐྱ་གྲངས་ ༡༥༦ ནས་རང་ལུས་མེར་བསྲེགས་ཀྱིས་ཚད་མཐོ་བའི་ཞི་བའི་ངོ་རྒོལ་གནང་སྟེ། ”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས།” ཞེས་དང་། ཡང་ཁག་ཅིག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅེས་སོགས་ཀྱི་སྐད་འབོད་གནང་ཡོད་རུང་། རྒྱ་གཞུང་ནས་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུ་ལྟ་ཞོག་བོད་དང་བོད་མིར་འཛིན་པའི་སྲིད་བྱུས་ལ་ད་ལྟའི་བར་དུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ཅིང་། དེ་ལས་ལྡོག་སྟེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁར་སྤྱི་སྐད་ཅེས་རྒྱ་སྐད་བཙན་གྱིས་སྦྱོང་སྤྱོད་བྱེད་དུ་འཇུག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས་རང་རེས་ཁ་ཚ་དགོས་གཏུགས་ཀྱི་གདོང་ལེན་བྱ་གཞི་ཞིག་ཏུ་གྱུར་ཡོད།
བོད་ནང་དམ་དྲག་གིས་དངོས་ཡོད་གནས་ཚུལ་ཇི་བཞིན་ཤེས་ཐབས་དཀའ་བ་དང་། བོད་ནང་གི་བོད་མིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པར་བསྙད་དེ་བཙོན་འཇུག་བཀག་བསྐྱིལ་སོགས་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་རང་དབང་ཁང་པའི་སྙན་ཐོར་ལོ་བསྟུད་མར་བོད་ནི་ཕྱི་མི་བསྐྱོད་མི་ཆོག་པའི་འཛམ་གླིང་ནང་གི་ཡུལ་ལུང་གཉིས་པ་དེར་ངོས་འཛིན་བྱས་ཡོད། དུས་སྐབས་གང་དུའང་བོད་ནང་དུ་གསར་འགོད་པ་དང་། རྒྱལ་སྤྱིའི་ཆབ་སྲིད་མི་སྣ་སོགས་རང་དབང་གིས་འགྲོ་བསྐྱོད་བཀག་སྡོམ་དང་། གལ་སྲིད་རེ་ཟུང་བསྐྱོད་ཆོག་ཚེ་དེར་རྒྱ་གཞུང་གི་གཞུང་འབྲེལ་མི་སྣས་མཉམ་ཁྲིད་ཀྱི་དོ་དམ་འོག་བསྐྱོད་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་དེ་འབྱོར་འབྲིང་གི་སྤྱི་ཚོགས་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་ཅེས་བརྗོད་ཀྱང་། དོན་དུ་ཁ་ཞེ་མི་མཚུངས་པའི་བྱ་སྤྱོད་ཁོ་ན་སྤེལ་བཞིན་ཡོད་པ་རྒྱུན་ལྡན་ལྟ་བུ་ཆགས་ཡོད།
དེ་ཡང་དཔེར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་རྒྱ་གཞུང་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཁྲུ་ ༣༠ ཅན་ཞིག མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། དགོན་པའི་སློབ་གྲྭ་དང་། གྲྭ་ཤག་འགའ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། སླར་ཡང་ཁམས་བྲག་མགོ་ཁུལ་གྱི་རྙིང་མ་ཆ་ནང་དགོན་དུ་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནས་བཟུང་རྒྱ་ནག་གཞུང་གི་སློབ་གསོ་དང་ཡར་རྒྱས་སོགས་ལ་བསྙད་དེ་བྲག་མགོ་ཁུལ་གྱི་མི་མང་ལ་མི་སྤྱོད་ལས་འདས་པའི་གཉའ་གནོན་གྱི་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་མ་ཟད། བྲག་མགོ་དགོན་པའི་མཁན་པོ་དཔའ་དགའ་དང་། ཕྱག་མཛོད་ཉི་མ། གྲྭ་བསྟན་འཛིན་ཉི་མ། གྲྭ་བཀྲ་ཤིས་རྡོ་རྗེ། དེ་བཞིན་སྐུ་བརྙན་གྱི་རྡོ་བརྐོས་པ་ལྷ་མོ་གཡང་སྐྱབས་དང་། ནོར་པ་ཚེ་རིང་བསམ་གྲུབ་སོགས་འཛིན་བཟུང་བཀག་ཉར་བྱས་ཡོད། བྲག་མགོ་ཁུལ་དུ་གཏོར་བཤིག་བཏང་བའི་སྐུ་བརྙན་གྱི་པར་རིགས་དང་རང་གི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་ཡོད་མེད་ས་གནས་ཡུལ་མི་རྣམས་ཀྱི་ཁ་པར་ལ་སྔོག་བཤེར་སོགས་ཀྱིས་མཚོན་པའི་དྲག་གནོན་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༥ ཉིན་བྲག་མགོ་རྫོང་གནས་ནང་དགོན་པའི་གྲྭ་བསྟན་འཛིན་ནོར་བུ་དང་། དབང་ཆེན་ཉི་མ་བཅས་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༠ ཡས་མས་ཤིག་ལ། བོད་ཡུན་ནན་རྒྱལ་ཐང་རྫོང་ཡང་ཐང་སྡེ་བ་ནས་ཡིན་པའི་བོད་རིགས་གཞོན་ནུ་བློ་ལྡན་དང་། ཤེས་རབ་གཉིས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས། ཕྱི་ལོ་ ༢༠༢༢ ཟླ་དང་པོའི་ནང་བྲག་མགོར་རྒྱ་གཞུང་ཉེན་རྟོག་པས་ཆབ་མདོ་བྲག་གཡབ་རྫོང་གི་བོད་མི་ནོར་མཚོ་དང་། ཨ་བཟང་། རྡོ་ཁྲ་བཅས་གནས་སྐོར་ལ་བསྐྱོད་དེ་ཕྱིར་ལོག་སྐབས་བོད་མི་དེ་དག་གི་ཁ་པར་སྔོག་བཤེར་བྱས་ཏེ་ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་འདྲ་པར་ཉར་ཚགས་བྱས་ཡོད་ཚུལ་གྱིས་འཛིན་བཟུང་བཀག་ཉར་བྱས་ཡོད། ཕྱི་ལོ་ ༢༠༢༢ ཟླ་དང་པོའི་ཚེས་ཤར་ཙམ་ལ་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲ་ཤིས་རྡོ་རྗེ་འཛིན་བཟུང་བྱས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་བོད་མི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་རྒྱ་ནག་ཉེན་རྟོག་པས་གློ་བུར་དུ་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་གནས་ཚུལ་ཕྱིར་ཐོན་སྐབས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་བཙུགས་འོག་ལོ་བཅུ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད། དེ་སྔ་ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་རྔ་བ་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་སྐབས་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཤམས་ཡོད་ལུགས་བརྗོད་དེ་བཙོན་འཇུག་ལོ་གསུམ་རིང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ནས་ལོ་ངོ་གཅིག་ཙམ་རིང་བཀག་ཉར་བྱས་ཡོད། གོང་གསལ་ཤེས་རྟོགས་བྱུང་བར་བོད་མི་གྲངས་ ༡༤ ཙམ་ཉེས་མེད་འཛིན་བཟུང་དང་བཀག་ཉར་བཙོན་འཇུག་བཅས་བྱས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་རྩ་འཛུགས་པུའུ་ཟེར་བ་ནས་གུང་བྲན་ཏང་ཡོན་གྱིས་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་(ཚོད་ལྟའི་ལག་བསྟར) ཞེས་པའི་སྒྲིག་གཞི་འགྲེམས་སྤེལ་བྱས་ཏེ་བོད་ནང་ཏང་ཡོན་ཟེར་བའི་བོད་རིགས་རྣམས་གུང་བྲན་ཏང་ཟེར་བའི་བཀའ་ལ་ཉན་ནས་དེའི་རྗེས་སུ་འབྲང་དགོས་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་བྱེད་མི་ཆོག་པའི་བཙན་ཤེད་བྱེད་བཞིན་ཡོད། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་བོད་མི་རྣམས་ཀྱི་ཁ་པར་ནང་རྒྱུན་དུ་ནས་སྐད་ཆ་བཤད་པ་དང་པར་རིས་གཏོང་རེས་བྱེད་པ་སོགས་ཀྱི་ཞིབ་བཤེར་ཆེད་སྡེ་ཚན་གསར་པ་ཆེད་བཙུགས་ཀྱིས་ཞིབ་བཤེར་འཕྲུལ་ཆས་ནང་བོད་མི་མི་རེ་ངོ་རེའི་ཁ་པར་ཨང་གྲངས་བཅུག་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་སོགས་ནི་བོད་མི་རྣམས་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡེ་ནས་མེད་པ་གསལ་པོ་ཡིན།
དེ་ལྟར་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་རྒྱ་གཞུང་གི་གཉའ་གནོན་དང་བསླུ་བྲིད་ཀྱི་སྲིད་བྱུས་རིམ་པ་སྤེལ་བར་མགོ་བོ་ནམ་ཡང་མི་སྒུར་བར་སེམས་ཤུགས་ཆེར་བསྐྱེད་དང་། བློས་གཏོང་ཆེན་པོས་ལས་འགུལ་སྤེལ་བ་རྣམས་ཆུད་ཟོས་ནམ་ཡང་མི་འགྲོ་བར་སེམས་ཤུགས་བསྐྱེད་གཞི་ཞིག་ཏུ་གྱུར་བས། བོད་མི་ཡོངས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་ཆེད་འབད་བརྩོན་སྔར་ལྷག་ཞུ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་སྐྱིད་སྡུག་ཁག མི་སྒེར་སོགས་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པའི་ནང་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་རིམ་པ་བཞག་ཡོད་ལ། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཀྱང་བོད་དོན་ཐོག་རྒྱལ་ཁབ་མང་པོས་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དུ་དམ་དྲག་ཅན་གྱི་སྲིད་བྱུས་མགྱོགས་ནས་མྱུར་དུ་མཚམས་འཇོག་དགོས་པའི་རེ་འདུན་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་བཞིན་ཡོད། ད་ཐེངས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འདིའི་ཐོག་ནས་ཀྱང་གདུང་སེམས་མཉམ་བསྐྱེད་དང་འབྲེལ་གལ་ཆེའི་གྲོས་ཆོད་ཅིག་འཇོག་དགོས་པར་མཐོང་།
གྲོས་ཆོད།
༡། རྒྱ་ནག་དམར་གཞུང་གི་བཙན་འཛུལ་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།
༢། ཕྱི་ལོ་ ༢༠༢༡ ལོར་ཁམས་བྲག་མགོའི་ཕྱོགས་སུ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཁྲུ་ ༣༠ ཅན་ཞིག མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། དགོན་པའི་སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། བྲག་མགོ་ཁུལ་གྱི་རྙིང་མ་ཆ་ནང་དགོན་དུ་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་གཏོར་བཤིག་བཏང་བ་བཅས་ནི་རྒྱ་གཞུང་གིས་སླར་ཡང་གདུག་རྩུབ་ཅན་གྱི་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་ནང་དྲིལ་བསྒྲགས་དང་འབྲེལ་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ཐེར་འདོན་བྱེད་དགོས།
༣། པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བཙོན་ནས་གློད་གྲོལ་གྱིས་ཁོང་རྣམ་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་བཅུག་དགོས་པ་ནན་སྐུལ་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་ (Michelle Bachelet) མཆོག་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཤར་ཏུར་ཀི་སི་ཐན་དུ་གཟིགས་སྐོར་སླད་ཆེད་ཕེབས་གནང་གཏན་འཁེལ་བ་བཞིན་བོད་ནང་དུའང་ཕེབས་ཐབས་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ།
༤། བོད་ནི་ལོ་རྒྱུས་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ནའང་ད་ལྟའི་འཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་རྒྱ་གྲོས་མོལ་གྱིས་ཞི་འགྲིག་ཡོང་ཐབས་བྱ་དགོས།
༥། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྣམས་ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་མི་རྣམས་ཀྱི་ངོ་བོ་མཚོན་ཐུབ་པའི་གཅེས་ནོར་རིན་ཐང་བྲལ་བ་ཞེ་གཅིག་ཆགས་ཡོད། རྒྱ་གཞུང་ནས་དེ་དག་ལ་གུས་བརྩི་དང་རིན་ཐང་ངོས་འཛིན་གྱིས་སློབ་ཁྲིད་ལས་གཞི་རྒྱ་བསྐྱེད་དང་། ནང་ཆོས་ཀྱི་ལམ་སྲོལ་རྣམས་ལ་ཆབ་སྲིད་ཀྱི་བསྲེ་ལྷད་མེད་པ་གནས་ཐབས་བྱ་དགོས། གལ་སྲིད་རྒྱ་གཞུང་ནས་མུ་མཐུད་དེ་དག་ལ་རྩིས་མེད་རྡོག་རོལ་བཏང་ཚེ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ངོ་མ་ནི་རྒྱ་གཞུང་རང་ཉིད་ཀྱི་དབང་འཛིན་པ་རྣམས་ཀྱིས་སྤེལ་བར་ངོས་འཛིན་བྱ་རྒྱུ།
༦། བོད་རང་བཙན་ཤོར་བ་ནས་བཟུང་རྒྱ་གཞུང་གི་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་ལ་འགྱུར་བ་མེད་པའི་རང་བཞིན་ལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། བོད་དོན་བདེན་མཐའ་གསལ་ཐབས་དང། གཞིས་བྱེས་མཉམ་འཛོམས་ཡོང་ཆེད། བཀའ་སྤྱི་གཉིས་ནས་སྣེ་འཁྲིད་ཀྱིས་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གནང་རྒྱུ།
༧། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་སྐྱོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་ནང་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་བཅས་དང་། ལྷག་པར་དུ་ཨ་རིའི་གཞུང་དང་གྲོས་ཚོགས་གཙོས་རྒྱལ་ཁབ་མང་པོས་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་དང་གནང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༥ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༥ ལ།།