༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན་བེལ་ཇི་ཡམ་ཁུལ་གྱི་བོད་མི་བརྒྱ་ཕྲག་མང་པོས་བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་ (Brussels) ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ལ་དབང་བསྒྱུར་བྱས་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད།
དེ་ཡང་ཐོག་མར་ཞི་བའི་ངོ་རྒོལ་སྐད་འབོད་གནང་མཁན་ཡོངས་ནས་ལག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བོད་ཀྱི་རྒྱལ་དར། ཡུ་ཀེ་རེན་གྱི་རྒྱལ་དར། རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་འདྲ་པར། འབོད་ཚིག་འཁོད་པའི་འཕྲེད་དར་སོགས་བཟུང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་ཀྱི་བསྟན་སྲིད་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་སྐར་མ་གཅིག་རིང་ངག་བཅད་དང་གུས་འདུད་ཞུས་རྗེས་བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད།ཉིན་རྒྱབ་བེལ་ཇི་ཡམ་གྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་དང་བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་སམ་མུལ་ཁོ་གོ་ལ་ཊི་ (Samuel Cogolati) ལགས་དང་། རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་ (Unrepresented Nations and Peoples Organization) ཀྱི་སྤྱི་ཁྱབ་དྲུང་ཆེ་རལ་ཕ་བུན་ཆི་ (Ralph Bunche) ལགས། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ (Mikuláš Peksa) ལགས་ཀྱི་གསུང་བཤད་ཀྱང་སྒྲོགས་སྦྱང་གནང་ཡོད།
སྐབས་དེར་སྐུ་ཞབས་སམ་མུལ་ཁོ་གོ་ལ་ཊི་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱབ་སྐྱོར་བྱེད་དགོས་པ་ཁོང་གི་ལས་འགན་ཡིན་སྐོར་དང་། བོད་མི་ཚུད་པའི་འཛམ་གླིང་གི་འགྲོ་བ་མི་ཚང་མར་ཆོས་དད་རང་དབང་དང་། བསམ་བློའི་རང་དབང་། ཆེ་མཐོང་བཅས་ངེས་པར་དགོས་ཀྱི་ཡོད་སྟབས་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད། རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རལ་ཕ་བུན་ཆི་ལགས་ཀྱིས། བོད་མི་རྣམས་ཀྱིས་རྒྱ་ནག་གི་མི་སེར་སྤེལ་བའི་རིང་ལུགས་དང་དབང་བསྒྱུར་ལ་ཆེ་མཐོང་ལྡན་པའི་སྒོ་ནས་འགོག་རྒོལ་བྱེད་བཞིན་པ་ནི་མིག་དཔེ་ལྟ་འོས་པ་རེད། ཅེས་གསུངས་ཡོད། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ལགས་ཀྱི་གསུང་བཤད་ནང་། བོད་ནང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་སྟབས། ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་རྡོག་རྩ་གཅིག་སྒྲིལ་གནང་སྟེ་བོད་དོན་ཆེད་གཡོ་བ་མེད་པར་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ་སོགས་འཁོད་ཡོད།
བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་དང་པོ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ (Pandit Jawaharlal Nehru) མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་གི་རྒྱལ་ཁབ་སུ་གང་གིས་བོད་དོན་ཆེད་དུ་རྒྱ་ནག་ལ་དམག་རྒྱག་གི་མ་རེད་ཅེས་གསུངས་པ་དེ་དྲན་སྐུལ་གྱི་ཚུལ་དུ་མང་ཚོགས་ལ་གསུངས་ཡོད།
ཐེངས་འདིའི་གསུམ་བཅུ་དུས་དྲན་གྱི་ངོ་རྒོལ་སྐད་འབོད་དེ་བཞིན་བེལ་ཇི་ཡམ་བོད་རིགས་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རླུང་རྟ། ཧི་ཀིང་ (Hiking for Children) ཚོགས་པ་བཅས་ནས་གོ་སྒྲིག་གནང་ཡོད་པ་བཅས།།