༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ནས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་སྦྱོར་འོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཨིན་སྐད་ནང་ཡོད་པའི་༧རྒྱལ་བའི་གསུང་རྩོམ་བོད་འགྱུར་ཞུས་པའི་ཕྱག་དེབ་བདུན་དབུ་འབྱེད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་ཚང་མར་འཚམས་འདྲི་དང་སྦྲགས་གསུང་དོན། དེ་རིང་ལས་རིམ་འདི་འདྲ་ཞིག་ལ་བཅར་རྒྱུ་བྱུང་བར་བསྐལ་པ་བཟང་པོ་བྱུང་། ད་ལྟ་གོང་ལ་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་ནས་གསུངས་པ་གཞིར་བཟུང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དགོངས་གཞི་གང་ཡིན་པ་དེ་གཙོ་བོ་མགོན་པོ་གང་གི་གསུང་གི་ཐོག་ནས་རྟོགས་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་དུས། ༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ་ཡོངས་ཁྱབ་སྒྲ་སྒྱུར་གྱི་ཐོག་ནས་ཡིན་ནའང་འདྲ། དེ་མ་ཡིན་པར་འགྲེམས་སྤེལ་གནང་རྒྱུའི་ཐོག་ནས་ཡིན་ནའང་འདྲ། དེ་འདྲ་གནང་ཐུབ་པ་དང་། གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་འབྲེལ་ཡོད་ཚང་མར་དེ་སྔོན་ཕྱག་ལས་གནང་ཟིན་པ་དང་། མ་འོངས་གནང་འཆར་བཅས་ཚང་མ་ལ་བསྔགས་བརྗོད་ཞུ་རྒྱུ་དང་། མུ་མཐུད་སེམས་ཤུགས་མ་ཆག་པའི་ཐོག་ནས་ལས་འགན་དེ་རྒྱ་ཆེ་རུ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ང་ཚོས་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་གསུང་ཨིན་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་ཙམ་མ་ཟད། བསྒྱུར་ཟིན་པ་རྣམས་ཕྱོགས་བསྒྲིགས་གནང་རྒྱུ་དང་། དེ་མ་ཡིན་པའི་ཕ་རན་སི་དང་། སི་པན། རྒྱ་ཡིག ཉི་ཧོང་སྐད་ཡིག་སོགས་ཀྱི་ནང་ཕར་བསྒྱུར་རྒྱུ་སོགས་ལས་གཞི་དེ་རྒྱ་ཆེ་རུ་གཏོང་ཐུབ་པ་ཡིན་ན། དེང་སང་འཛམ་གླིང་ནང་༧སྐྱབས་མགོན་རིན་པོ་ཆེའི་མཚན་མ་ཐོས་མཁན་མེད་པའི་གནས་སྟངས་འདྲ་པོ་ཆགས་བསྡད་དུས། གསུང་དེ་རིན་ཐང་ཆེན་པོ་ཞིག་ཆགས་འགྲོ་ཡི་རེད་ལ། འགྲོ་བ་སྤྱི་ལ་ཕན་ཐོགས་ཐུབ་པ་དང་། བྱེ་བྲག་ཏུ་སྒེར་སོ་སོའི་མི་ཚེའི་འཚོ་བ་བསྐྱལ་རྒྱུར་ཡང་ཕན་ཐོགས་ཐུབ་པ་སོགས་ཞེ་དྲག་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ལས་གཞི་དེ་རྒྱ་སྐྱེད་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་གསུང་ཆེ་བ་འདྲ་པོ་དེ་ང་ཚོས་ཞུ་ཐུབ་ཐབས་མེད་པའི་གནས་སྟངས་འདྲ་པོ་ཞིག་རེད། མདོ་ལས་གསུངས་པ་ལྟར། ཐུབ་རྣམས་སྡིག་པ་ཆུ་ཡི་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་གྱུར། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་འཇིག་རྟེན་འདིར་བྱོན་ནས་ལོ་ ༢༥༠༠ ཙམ་འགྲོ་ཡི་ཡོད་རེད། དེའི་གསུང་འདི་ང་ཚོས་ད་ལྟ་ཡིན་ནའང་ཐོས་བསམ་གནང་སྡོད་ཀྱི་ཡོད་པ་དང་། མིའི་རྒྱུད་ཀྱི་གཙོ་བོ་ཉོན་མོངས་དུག་གསུམ་དེ་ཚོའི་གྲས་ཉོན་མོངས་མངོན་འགྱུར་གྱི་རྣམ་པ་མེད་པའི་ཐོག་ནས་འཛམ་གླིང་འདིའི་ནང་ཞི་བདེ་ཡོང་ཐུབ་རྒྱུ། མི་སྒེར་སོ་སོའི་ངོས་ནས་ཀྱང་སྤྱི་ཚོགས་ནང་འཚོ་བ་ཞི་བའི་ཐོག་བསྐྱལ་ཐུབ་རྒྱུ། ལྷག་པར་དུ་སོ་སོ་ནང་པ་འདྲ་ཡིན་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགྲོ་ཐུབ་རྒྱུ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཙོ་བོ་དེ་ཐུགས་བསྐྱེད་དམ་བཅའ་བཞིའམ་ཡང་ན་མཛད་འགན་བཞི་ཞེས་ཡོངས་གྲགས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་༧གོང་ས་མཆོག་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ནང་ལ་ཕན་ཚུན་བྱམས་བརྩེ་དང་། བརྩེ་བ། ཞི་བདེ་སྤེལ་ཐུབ་ཐབས། དེ་བཞིན་ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་པ་ཚང་མ་ཕན་ཚུན་འཆམ་མཐུན་ཡོང་ཐབས། རྩ་བའི་ལྟ་གྲུབ་ཐོག་ནས་བཤད་ཚུལ་མ་འདྲ་བ་ཡོད་ནའང་། གཞི་རྩའི་བྱམས་པ་དང་། བཟོད་བསྲན་ལྟ་བུ་གཅིག་གྱུར་ཆགས་བསྡད་དུས་དེ་ཚོའི་ཐོག་ནས་ཚང་མས་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་ཐབས། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བདེན་དོན་དང་། ལྷག་པར་དུ་བོད་ཀྱི་ཁོར་ཡུག་དང་། སྐད་ཡིག རིག་གཞུང་བཅས་ཀྱི་ཐོག་ལ་འཛམ་གླིང་ནང་དོ་སྣང་ཡོང་ཐུབ་རྒྱུ་དང་། ང་ཚོ་བོད་པ་ཚོར་ཡིན་ནའང་། དེ་ཚོའི་རིན་ཐང་རྙེད་ཐུབ་རྒྱུ་སོགས་དུས་རྒྱུན་ནས་བཀའ་སློབ་ཕེབས་བསྡད་ཡོད་རེད།དེ་བཞིན་ང་ཚོའི་ནང་ཆོས་ལྟ་བུར་ཆ་བཞག་ན། གནའ་བོའི་རྒྱ་གར་གྱི་རིག་གཞུང་། དེ་ཡང་ནཱ་ལེན་ཌ་ནས་བྱུང་བ་ཡིན་དུས། རྒྱ་གར་ནང་སླར་གསོ་ཡོང་ཐབས་ཀྱི་མཛད་འགན་བཞེས་ཀྱི་ཡོད་པ་རེད། སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་ཐོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། རིགས་རུས་དང་། ཕོ་མོ། ཆོས་ལུགས་ཀྱི་དབྱེ་བ་མེད་པའི་ཐོག་ནས་འདྲ་མཉམ་གྱི་སྤྱི་ཚོགས་ཞིག་ཡོང་ཐུབ་རྒྱུའི་དགོངས་པ་བཞེས་བསྡད་དུས། དེ་འདྲའི་གསུང་དེ་མི་སུ་ལ་ཡིན་ནའང་འཚོ་བ་ཡག་པོ་ཞིག་བསྐྱལ་རྒྱུའི་སླད་དགོས་མཁོ་ཞིག་ཆགས་བསྡད་དུས། དགོས་མཁོ་བསྐོང་ཐུབ་རྒྱུར་འབྲེལ་ཡོད་ཚོས་ཤུགས་བརྒྱབ་ནས་དོ་སྣང་ཡོང་ཐབས་བཟོ་དགོས་པ། དེང་སང་གོ་ལ་གཅིག་གྱུར་གྱི་ཐོག་ནས་ཕར་ཚུར་འགྲོ་བསྐྱོད་རེད། འབྲེལ་བ་དེ་སྟབས་བདེ་རུ་འགྲོ་ཡི་ཡོད་ཀྱང་། དེའི་གནས་སྟངས་དང་། རྒྱབ་ལྗོངས་ཆ་ཚང་མ་མཁྱེན་མཁན་མང་པོ་ལྷག་བསྡད་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་ངོ་སྤྲོད་ཤུགས་ཆེ་ཙམ་གནང་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། དེ་ཡང་སྐད་ཡིག་གཅིག་ནས་གཞན་ནང་བསྒྱུར་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ང་ཚོ་བདག་ཅག་གི་སྟོན་པའི་གསུང་ཡིན་ནའང་། ཐོག་མར་བཀའ་ཆོས་གསུང་སྐབས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །གསུངས་པ་ནང་བཞིན་ཚང་མར་དགོས་རྒྱུའི་གནས་སྟངས་ཆགས་བསྡད་དུས། འཛམ་གླིང་སྐད་རིགས་མི་འདྲ་བ། དེ་ཡང་བེད་སྤྱོད་གང་མང་བ་གཏོང་གི་ཡོད་པ་དེ་དག་ནང་༧སྐྱབས་མགོན་རིན་པོ་ཆེ་གསུང་དང་། བཀའ་སློབ་ཕེབས་པ་རྣམས་བསྒྱུར་དགོས་པ་གལ་ཆེན་པོ་རེད་འདུག
ང་ཚོའི་སྤྱི་ཚོགས་ནང་ལ་བདག་ཅག་སྟོན་པའི་གསུང་འདྲ་པོ་ཡིན་ན། བཀའ་འགྱུར་པོད་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་ཡོད་རེད། རྗེས་འཇུག་མཁས་པ་ཚོས་བརྩམས་པ་སྟོང་ཕྲག་མང་པོ་ཡོད་རེད། ཡིན་ནའང་དངོས་སུ་དེ་ཚོར་སློབ་སྦྱོང་གནང་མཁན་དང་། ཐུགས་སྣང་གནང་མཁན་དགོན་སྡེ་ཁག་ནང་སློབ་སྦྱོང་གནང་ནས་སྡོད་མཁན་མ་གཏོགས། སྤྱི་ཚོགས་སྤྱི་ལ་དེ་ཙམ་ཁྱབ་ཐུབ་ཀྱི་མེད་དུས། དགོན་སྡེའི་ནང་ལ་དེ་ཚོའི་གྲས་ཐུགས་སྣང་དང་། དཔེ་ཀློག་གནང་གི་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་གང་ཙམ་ཐོན་གྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་དེ་ཚོའི་ཐོག་ལ་དཔེ་ཀློག་བྱེད་ཐུབ་རྒྱུའི་དོ་སྣང་སླེབས་ཐུབ་ཐབས་ཀྱི་ལས་རིམ་འདྲ་པོ་ཤུགས་ཆེ་རུ་སྤེལ་དགོས་པ་གལ་ཆེན་པོ་རེད་འདུགརྣམ་པ་ཚོར་བྱིས་སྒྲུང་བསྒྱུར་རྒྱུའི་ལས་གཞི་གཅིག་འདུག དེ་ཚོའི་གྲས་གཞི་རིམ་གྱི་དཔེ་ཀློག་བྱེད་ཐུབ་ཐབས་འདྲ་པོ་ཞིག་ཡིན་དུས། དེ་ཚོའི་ཐོག་ནས་དོ་སྣང་འདྲ་པོ་སླེབས་པ་ཡིན་ན། རྒྱ་ཆེ་རུ་བཏང་ནས་༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ་ཚོའི་ཐོག་ལ་དཔེ་ཀློག་གནང་རྒྱུས་མཚོན་པའི་དེ་ཚོའི་ཐོག་བགྲོ་གླེང་འདྲ་པོ་གོ་སྒྲིག་བྱས་པ་ཡིན་ན། དཔེ་ཀློག་བྱ་རྒྱུའི་འདུན་པ་ཤུགས་ཆེ་རུ་སླེབས་ཐུབ་པ། དེ་ཡང་དེབ་གཅིག་ཀློག་པ་ཡིན་ན། མུ་མཐུད་དེབ་གཞན་ཞིག་གམ། ཆ་ཚང་ཀློག་དགོས་པ་འདྲ་པོ་ཆགས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་དཔེ་ཀློག་བྱ་རྒྱུའི་དོ་སྣང་སླེབས་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག དགོན་སྡེ་ཁག་ནང་གང་ལ་གང་འཚམས་གཞུང་ཆེན་ཁག་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ཞོར་དུ་༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ་ཚོར་ཐུགས་སྣང་གནང་ཐུབ་དགོས་པ། དེ་བཞིན་སློབ་གྲྭ་ཁག་ཡིན་ནའང་། སོ་སོའི་སློབ་ཚན་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར། དུས་ཚོད་སྟོང་པ་ག་དུས་རག་པ་ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེའི་གསུང་སྐད་ཡིག་གང་གི་ཐོག་ལ་ཡོད་ནའང་། སྐད་ཡིག་ཤེས་མཁན་ཞིག་ཡིན་ན་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ཐུབ་དགོས་པ་དེ་ཧ་ལས་པའི་གལ་ཆེན་པོ་རེད་འདུག
དེ་ཡིན་དུས་༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ། གཙོ་བོ་གཞི་རིམ་མིའི་བདེ་སྐྱིད་གོང་སྤེལ་གཏོང་ཐབས་སྐོར་ལ་རེད། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཟེར་བ་ལྟར་གང་ལ་གང་དགོས་པ་དེ་གནང་ཐུབ་པ་དེ་གསུང་གི་ཁྱད་ཆོས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་གཞི་རིམ་མིའི་བདེ་སྐྱིད་གོང་སྤེལ་གཏོང་ཐུབ་དགོས་པ། ལྷག་པར་དུ་ནང་པ་ཞིག་ཡིན་ན། བྱམས་པ་དང་། སྙིང་རྗེ་སྒོམ་པའི་ཐོག་ནས་སོ་སོའི་ཉོན་མོངས་དུག་གསུམ་མར་མགོ་གནོན་བྱེད་ཐུབ་དགོས་པ། ཉོན་མོངས་དེ་རྩ་བ་ནས་སྤོང་བར་བྱེད་པར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་དེའི་ཐོག་ནས་འགྲོ་དགོས་པ། ཚད་མ་རྣམ་འགྲེལ་ནང་གསུངས་པ་ལྟར། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་བྱམས་པ་དང་སྙིང་རྗེ་ཙམ་ཉོན་མོངས་སྐྱེད་བྱེད་ཀྱི་རྒྱུ་མ་རིག་པའི་དངོས་གཉེན་བྱེད་ཐུབ་ཀྱི་མ་རེད། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། ། ཉོན་མོངས་དེ་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཐོག་ནས་སྤང་དགོས་ཀྱི་རེད། དེ་འདྲའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེའི་གསུང་ལ་ཁྱད་ཆོས་ཆེན་པོ་ཞེ་དྲག་ཡོད་རེད། གོ་བདེ་པོ་དང་། འཇུག་བདེ་པོ། བློ་ལ་འཆར་བདེ་པོ། དེ་ཡན་དུས། ༧སྐྱབས་མགོན་རིན་པོ་ཆེའི་གསུང་གི་ཁྱད་ཆོས་ཆེ་བ་དེ་ཚོའི་གྲས་སྤྱི་ཚོགས་ནང་ངོ་སྤྲོད་ཀྱི་ལས་རིམ་འདྲ་པོ་བཟོ་ཐུབ་ན་རང་བཞིན་གྱི་དེབ་བཀླག་རྒྱུ་དང་། དེབ་དེ་ལ་འདུན་པ་སླེབས་རྒྱུར་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག རྣམ་པ་ཚོ་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་། །