༄༅། །དུས་རབས་ཉེར་གཅིག་ལ་སླེབས་པའི་དེ་རིང་གི་ཉིན་མོ་ལའང་འཛམ་གླིང་གི་མདུན་དུ་ལྷག་བཞིན་པ་ནི་སྲིད་དབང་སྒེར་སྡེམ་པའི་རྒྱལ་ཁབ་ཅིག་ནས་དམག་ཤུགས་ཡོངས་རྫོགས་བཏང་སྟེ་འཛེམ་བག་གང་ཡང་མེད་པར་རང་བཙན་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱེད་ཀྱི་ཡོད། རྒྱལ་ཁབ་དེའི་མི་མང་གིས་དཔའ་ངར་ཆེ་སྐྱེད་ཀྱི་བཙན་འཛུལ་པར་རྒོལ་ལན་སློག་བཞིན་པ་དེས་ཀྱང་འཛམ་གླིང་ཧང་སང་དགོས་པ་གྱུར་ཡོད། དེ་དང་དུས་མཚུངས་ང་ཚོ་ཐའེ་ཝན་ཐེ་བའི་རྒྱལ་ཁབ་མང་ཆེ་བ་རྒྱལ་ཁབ་དེའི་རྒྱབ་རྩར་ལངས་ཡོད་པ་དེ་ནི་ཨུ་རུ་སུས་ཡུ་ཀི་རན་ལ་བཙན་འཛུལ་བྱེད་བཞིན་པའི་གནས་ཚུལ་དེ་ཡིན།
མི་ལོ་ ༦༣ སྔོན་གྱི་དེ་རིང་གི་ཉིན་མོར་དེར། འཛམ་གླིང་ཡང་རྩེའི་ཁ་བ་གངས་ཅན་ལྗོངས་ཀྱི་གནས་མཆོག་རྒྱལ་ས་ལྷ་སར། གོང་གསལ་གནས་ཚུལ་དང་གཅིག་མཚུངས་སྲིད་དབང་སྒེར་སྡེམ་པས་བཙན་འཛུལ་དང་མཉའ་གནོན་ལ་བོད་མི་ཚོས་དཔའ་ངར་ཆེན་པོས་ཡར་ལངས་ཕར་རྒོལ་བྱས་ཡོད་ཀྱང་བཙན་འཛུལ་པའི་ངོས་ནས་འཛེམ་བཟོན་སྤུ་ཙམ་མེད་པར་དྲག་མཚོན་བེད་སྤྱོད་བྱས་ཏེ་དྲག་གནོན་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་དྲག་གནོན་འོག་བོད་མི་ག་ཚོད་ཙམ་དམར་གསོད་བཏང་ཡོད་པ་དུས་ད་ལྟའང་གསལ་རྟོགས་མེད། ཡིན་ནའང་བོད་མི་ཁྲི་སྟོང་མང་པོའི་ཚེ་སྲོག་ཤོར་ཡོད་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་མི་ཕེབས་ཀ་མེད་དུ་གྱུར་པ་དང་། དུས་དེ་ནས་བཟུང་བོད་དེ་བཞིན་རྒྱ་དམར་གུང་ཁྲན་གྱིས་དབང་བསྒྱུར་འོག་ཉིན་རེ་ནས་ཉིན་རེ་སྨག་རུམ་མུན་པའི་འོག་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཏང་བའི་སྡུག་བསྔལ་ཆེན་པོའི་ནང་ལྷུང་ཡོད།
མི་ལོ་ ༧༤ ཡི་སྔོན་དུ་ཐའེ་ཝན་གྱི་ཐའེ་པེ་ལའང་ཕྱིའི་བཙན་འཛུལ་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་མྱོང་ཡོད་ཀྱང་དབང་བསྒྱུར་པས་དེ་མཚུངས་དྲག་པོའི་དམག་སྟོབས་བེད་སྤྱོད་བྱས་ཏེ་དྲག་གནོན་བྱས་ཡོད། ང་ཚོ་ཐའེ་ཝན་བ་ལ་མཚོན་ན་དོན་རྐྱེན་དེ་བརྗེད་མི་སྲིད་ལ། དེ་ནི་ང་ཚོའི་སེམས་ནང་གི་རྨ་ཁ་ཞིག་ཡིན་སྟབས་དེའི་མིང་ལ་ ༢༢༨ ཟེར།
ཡུ་ཀི་རིན། བོད། ཐའེ་ཝན་བཅས་དུས་འགྱུར་དང་། རིག་གཞུང་། ཆོས་ལུགས་མི་འདྲ་བ་ཡིན་ཡང་། མི་མང་གིས་རང་དབང་རྩོད་ལེན་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་འདུན་པ་ནི་གཅིག་མཚུངས་ཆགས་ཀྱི་ཡོད། བཙན་འཛུལ་གཉའ་གནོན་པར་མཚོན་ནའང་དུས་དང་། ཁོ་ཚོའི་དྲིལ་བསྒྲགས་ཀྱི་འཁྱོག་འགྲེལ་མི་འདྲ་བ་སྣ་རིགས་ཡོད་ཀྱང་། ཁོ་ཚོས་སྦས་གསང་བྱས་འདོད་ཡོད་པ་ནི་གཅིག་མཚུངས་ཡིན་ཞིང་། དེ་ནི་ངོ་ཚ་ཁྲེལ་གཞུང་མེད་པའི་ངང་མི་རིགས་གཞན་བྲན་འོག་ཏུ་བསྒྱུར་རྒྱུའི་སྐུལ་སློང་དེ་ཡིན།
འབུམ་རམས་པ་མཱ་ཊི་ལུ་ཌི་ཀིང་གིས་ས་གནས་གང་རུང་ཞིག་ཏུ་དྲང་བདེན་མ་བྱུང་བ་དེ་ས་གནས་གཞན་ཚང་མའི་དྲང་བདེན་གྱི་ཉེན་ཁ་ཡིན་ཞེས་གསུངས་མྱོང་ཡོད་ཅིང་། ང་ཚོ་ཚང་མ་འགྲོ་བ་མི་ཡིན་ཙང་ཚང་མར་གདུང་སེམས་གཅིག་གྱུར་ཡོད་སྟབས་ཡུ་ཀི་རན་དང་བོད་མིར་འཕྲད་བཞིན་པའི་སྡུག་བསྔལ་ལ་བསམ་གཞིགས་བྱེད་ཐུབ་ཀྱི་འདུག
ང་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་པ་ཡོད་སྟབས་ང་ཚོས་བོད་མིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་དུས་ཚོད་དང་། ཡུ་ཀི་རན་གྱིས་བཙན་འཛུལ་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུས་པ་དང་སྟབས་བསྟུན་ཐའེ་ཝན་མི་མང་ལ་སྲིད་དབང་སྒེར་གཅོད་པས་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་རང་དབང་མང་གཙོ་དང་རང་བཙན་གྱི་སེམས་ཤུགས་ལ་བྱ་རྒོད་ཤ་ལ་ལྡིར་ལྡིར་ལྟར་བསྡད་ཡོད་རེད་ཅེས་དྲན་བསྐུལ་བྱེད་འདོད་བྱུང་།
བོད་མི་མང་གི་ཁྲག་གིས་ཉམས་མྱོང་ལས་གུང་ཁྲན་ཏང་ལ་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་བྱེད་མི་རུང་ཞེས་ང་ཚོ་ཐའེ་ཝན་ལ་དྲན་གསོ་བཏང་གི་ཡོད་ལ། ཡུ་ཀི་རན་མི་མང་གིས་དཔའ་ངར་ཆེན་པོ་གནང་བཞིན་པ་དེས་ཐོབ་པར་དཀའ་བའི་རང་དབང་སྲུང་སྐྱོབ་བྱེད་དགོས་ན་ངེས་པར་དུ་དཔའ་ངར་ཆེན་པོའི་ཐོག་ནས་ཕར་རྒོལ་བྱས་ན་གཞི་ནས་སྲུང་ཐུབ་ཀྱི་ཡོད་པ་དྲན་གསོ་བཏང་གི་ཡོད། ངོ་ཚོས་ཀྱང་དེ་རིང་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་རང་དབང་གིས་རང་དབང་ལ་གནོད་འཚེ་ཐེབས་པའི་མི་མང་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤར་བ་གནང་དགོས།
གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་འདུ་ཤེས་དེ་ལྟར་བཟུང་ནས་བོད་ཀྱི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཉིན་མོ་དང། ཡུ་ཀི་རིན་མི་མང་གིས་བཙན་འཛུལ་པར་ཚེ་སྲོག་གི་རྒོལ་ལན་བྱེད་བཞིན་པའི་ཉིན་མོ་དེར། ཆེད་དུ་བསྒྲགས་གཏམ་འདི་སྤེལ་ཏེ་ངོ་ཚོས་འགྲོ་བ་མིའི་ཐོབ་ཐང་དང། རང་དབང། རང་བཙན་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་གསལ་སྟོན་བྱས་ཡོད། །