༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོར་རྟེན་གཞི་བྱས་པའི་ཇོ་རིན་ཇི་ལྷ་ཁང་ (Jorinji Temple) དུ་རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ཐའི་ཀན་ (Tai Kan) ལགས་ཀྱིས་རྒྱ་རིགས་དང་། བོད་རིགས། ཡུ་གུར་མི་རིགས། ཐའེ་ཝན་མི་རིགས། ཧོང་ཀོང་མི་རིགས། སོག་རིགས་བཅས་ཀྱི་སྐོར་ཚོན་བྲིས་རི་མོ་གྲངས་ ༨༦ ཙམ་འགྲེམས་སྟོན་གནང་ཡོད་པ་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཇོ་རིན་ཇི་ལྷ་ཁང་དུ་ཆེད་ཕེབས་ཀྱིས་ཚོན་བྲིས་རི་མོ་དེ་དག་ལ་གཟིགས་ཞིབ་གནང་ཡོད། ཚོན་བྲིས་རི་མོ་དེ་དག་གི་མཚོན་དོན་ནི། རྒྱ་རིགས་དང་། བོད་རིགས། ཡུ་གུར་མི་རིགས། ཐའེ་ཝན་མི་རིགས། ཧོང་ཀོང་མི་རིགས། སོག་རིགས་བཅས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་ལ་གདོང་ལེན་གནང་བཞིན་པ་མཚོན་གྱི་ཡོད།དེ་ཡང་རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ཐའི་ཀན་ལགས་ཀྱིས་རི་མོ་དེ་དག་བརྒྱུད་ཉི་ཧོང་བ་རྣམས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་ནག་དམར་ཤོག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གོ་རྟོགས་སྤེལ་མུས་ཡིན་སྐོར་འགྲེལ་བརྗོད་དང་། ཁོང་རང་ཉིད་ནས་རྒྱ་ནག་གི་སྲིད་པའི་དཔལ་ཡོན་ལ་སྤོབས་པ་དང་རྗེས་སུ་ཡི་རང་ཞུ་གི་ཡོད། འོང་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གི་སྲིད་པའི་དཔལ་ཡོན་ཆེན་མོ་དང་རྒྱ་རིགས་མི་མང་གི་བཟང་སྤྱོད་ལ་གཏོར་བཤིག་གཏོང་བཞིན་ཡོད། ཅེས་དང་། དེ་བཞིན་རྒྱ་རིགས་མི་མང་གིས་ཀྱང་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་གཞན་དང་གཅིག་མཚུངས་ལྟར་དཀའ་སྡུག་མྱོང་བཞིན་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་།
སྒྱུ་རྩལ་བ་སྐུ་ཞབས་ཐའི་ཀན་ལགས་ཀྱིས་དེ་སྔ་རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ནང་ཚོང་དོན་གྱི་གྲོས་མོལ་སླད་འབྱོར་སྐབས་རྒྱལ་ས་ལྡི་ལི་ཇན་ངྷར་མ་ངྷར་ས་གནས་སུ་རང་ལུས་མེར་སྲེག་བཏང་བའི་སྐོར་ཚོན་བྲིས་རི་མོ་བྲིས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིག་ཞའོ་པོ་ལགས་དང་ཁོང་གི་བཟའ་ཟླའི་སྐོར་རི་མོ་བྲིས་ཡོད།རི་མོ་ལ་གཟིགས་ཞིབ་གནང་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་ཞབས་ཐའི་ཀན་ལགས་ཀྱིས་རི་མོའི་ལམ་ནས་རྒྱ་ནག་དམར་ཤོག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གདོང་ལེན་གནང་བཞིན་པའི་མི་རིགས་རྣམས་ཀྱི་སྐོར་གོ་རྟོགས་སྤེལ་བཞིན་པར་རྗེས་སུ་ཡི་རང་ཞུས་གནང་བ་དང་འབྲེལ་བོད་མི་རྣམས་ཀྱིས་རྒྱ་རིགས་ལ་ངོ་རྒོལ་གནང་གི་མེད་པའི་སྐོར་དང་། བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་མི་སེར་སྤེལ་བའི་རིང་ལུགས་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཁག་ལ་ངོ་རྒོལ་གནང་གི་ཡོད། ཅེས་གསུངས། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་ནས་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་གཏོར་བཤིག་བཏང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད།
ཉི་ཧོང་ནང་བསྟན་མཐུན་ཚོགས་ (Japan’s Buddhist Association Super Samgha) ཀྱི་ཚོགས་གཞོན་གྲྭ་ཀོ་བྷ་ཡ་ཤིས་ (Ven Kobayashi Shue) ལགས་དང་། ཉི་ཧོང་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་ལྡན་ལགས། ཨེ་པོག་དུས་བབ་ (Epoch Times) གསར་ཁང་གི་ལས་བྱེད་སྐུ་ཞབས་ཞིན་ཧ་རི་མོ་ཊོ་ (Shin Harimoto) ལགས་བཅས་བགྲོ་གླེང་གི་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད། སྐུ་ཞབས་ཐའི་ཀན་ཀྱིས་ཚོགས་བཅར་བ་ཡོངས་ལ་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དཔེ་དེབ་ཅིག་བརྩམ་རྒྱུ་ཡིན་པ་མ་ཟད། ད་བར་བོད་མི་རང་ལུས་མེར་སྲེག་བཏང་གནང་མཁན་ཡོངས་ཀྱི་སྐོར་རི་མོ་བྲིས་ཏེ་བོད་དང་རྒྱ་ནག་ནང་འབྱུང་བཞིན་པའི་དཀའ་ངལ་སྐོར་རྒྱལ་སྤྱིའི་སྟེང་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་ཞབས་ཐའི་ཀན་ལགས་དང་སྐུ་ཞབས་ཞིན་ཧ་རི་མོ་ཊོ་ལགས་ལ་བོད་དུ་རྒྱ་ནག་དམར་ཤོག་གི་དྲག་སྤྱོད་བརྒྱ་ (CCP’s 100 Atrocities in Tibet) ཞེས་པའི་དཔེ་དེབ་རེ་ཕུལ་ཏེ་རྒྱ་ནག་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་ཞི་བདེ་དང་མང་གཙོ་ཡོང་སླད་ཕྱག་ལས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།