༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༠༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་།དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་དང་། ལྷག་པར་དེང་གི་དུས་སུ་ཡུ་ཀེ་རེན་ནང་དམག་འཁྲུག་གིས་རྐྱེན་པས་སེམས་ཅན་ཚེ་ལས་འདས་པ་རྣམས་དང་ཡུ་ཀེ་རེན་ནང་གང་མགྱོགས་ཞི་བདེ་སླར་གསོ་ཡོང་བའི་ཆེད་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༠༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན་རྡ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༨ ཉིན་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དང་རྗེས་དྲན་སྲུང་བརྩི་ཞུ་བཞིན་ཡོད། དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་དམག་ཁྲིམས་བསྡམས་ཏེ་མི་མང་དག་ཅིག་ལ་དཀའ་ངལ་འཕྲད་པ་དང་ཚེ་སྲོག་མང་པོ་ཕྱིན་པའི་གནས་སྟངས་འོག་དེ་རིང་ང་ཚོས་ཁོང་རྣམ་པའི་མཛད་རྗེས་ལ་རྗེས་དྲན་དང་སྨོན་ལམ་ཞུ་རྒྱུ་རེད། དགུ་བཅུ་གསུམ་ཞེས་པའི་ཚོགས་པ་དེ་བཙུགས་དགོས་དོན་ཡང་ལྷ་ས་གཙོས་པའི་དབུས་གཙང་ཁུལ་དུ་ངོ་རྒོལ་ཤུགས་ཆེན་པོ་བྱས་པའི་གནས་ཚུལ་བྱུང་ཡོད། དེ་བཞིན་རིག་གནས་གསར་བརྗེ་སྐབས་སུ་བོད་མི་སྟོང་ཕྲག་མང་པོའི་སྲོག་ཕྱིན་པ་དང་། གཞན་ཡང་ཕྱི་ལོ་ ༡༩༤༨་་་༡༩༤༩ ཙམ་ནས་མདོ་སྟོད་སྨད་གཉིས་ནས་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བོད་མི་མང་དག་ཅིག་འདས་གྲོངས་སུ་ཕྱིན་ཡོད།རྒྱ་ནག་གིས་དམག་ཁྲིམས་བསྡམས་པའི་རྐྱེན་གྱིས་བོད་མི་མང་དག་ཅིག་ལ་དཀའ་ངལ་འཕྲད་པ་དང་ཚེ་སྲོག་ཕྱིན་པ་དེ་དག་ལ་རྗེས་དྲན་ཞུས་པ་དང་ལྷན་ཡུ་ཀེ་རེན་ནང་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཆགས་ཡོད། ཡུ་ཀེ་རེན་གྱི་གནས་ཚུལ་འདི་ཐོག་མར་བྱུང་བ་ནས་བཟུང་ད་བར་ཉིན་རེ་བཞིན་གནས་ཚུལ་གང་ཆགས་ཀྱི་ཡོད་མེད་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ལུང་པ་སོ་སོའི་ལངས་ཕྱོགས་གང་འཛིན་གྱི་ཡོད་མེད་ཆ་ཚང་ལྟ་བཞིན་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ང་ཚོ་བོད་པ་འདི་དག་ཐབས་རྡུགས་པའི་གནས་སྟངས་ཤིག་གི་འོག་ནས་ཡུ་ཀེ་རེན་མི་མང་ལ་ཐད་ཀར་རོགས་པ་བྱེད་རྒྱུའི་གནས་བབ་དེ་འདྲ་མེད་ནའང་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་དང་སྟབས་བསྟུན་ཡུ་ཀེ་རེན་ནང་གི་མི་དེ་དག་ཚེ་སྲོག་འབྲལ་དགོས་པའི་གནས་སྟངས་དང་། དེ་རིང་གི་ཉིན་མོ་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡང་སྲུང་བརྩི་ཞུ་བཞིན་ཡོད། རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་ངང་ཡུ་ཀེ་རེན་ནང་རྨོ་མོ་ལགས་དང་ཨ་མ་ལགས། བུད་མེད་བྱིས་པ་ཆུང་ཆུང་མང་པོ་ཞིག་ལ་ལུས་སེམས་ཀྱི་དཀའ་ངལ་ཆེན་པོ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ཁོང་རྣམ་པ་ཚང་མར་བསྔོ་བ་སྨོན་ལམ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་ཆུ་ཚོད་ ༡༠ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།