གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཡིག་ཆ་ཨང་། ༣ ཀ
སྔོན་གླེང་།
༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་རང་ལོ་ ༢༥ ཡིན་པ་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་པོ་ཏ་ལའི་མདུན་ཐང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ཡོད། སྐབས་དེར་རྒྱ་གཞུང་གི་དམ་དྲག་ཤུགས་ཆེའི་དབང་གིས་འདས་གྲོངས་སུ་གྱུར་ཡོད་མེད་སོགས་ཀྱི་གནས་སྟངས་ཁ་གསལ་མེད་པར་གནས་ཚུལ་རྩད་ཞིབ་སྐབས་ད་ཆ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་དངོས་བདེན་དུ་གྱུར་ཡོད་ནའང་ཚེས་ཆ་ད་ལྟའང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༦ གིས་རང་ལུས་མེར་བསྲེགས་གནང་བའི་ཁོངས་ ༡༣༤ འདས་གྲོངས་སུ་ཕྱིན་པ་ཁ་གསལ་བྱུང་ཡོད་ནའང་གཞན་རྣམས་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་ཐུབ་མེད། རང་ལུས་མེར་བསྲེགས་གནང་མཁན་དེ་དག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་དྲག་གནོན་སྲིད་བྱུས་ལ་ངོས་ལེན་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་ལ་རང་དབང་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་རྒྱུན་ཆད་མེད་པར་བཏོན་གནང་ཡོད་ནའང་རྒྱ་གཞུང་གིས་ཞི་འབོད་དེ་དག་ལ་རྩིས་མེད་རྡོག་རོལ་བཏང་སྟེ་དྲག་གནོན་བྱེད་བཞིན་པར་བརྟེན། བོད་མི་རྣམས་ཀྱིས་མུ་མཐུད་བློས་གཏོང་ཆེན་པོས་ཞི་རྒོལ་འདི་རིགས་ཡོང་བཞིན་ཡོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྔ་རྗེས་རིམ་པའི་ནང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁག་བཞག་ཡོད་པའི་ནང་དོན་ལྟར་རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གཏོང་གནང་མཁན་ཁོང་རྣམ་པའི་ཞལ་ཆེམས་དང་གདུང་འབོད། དགོས་འདུན་བཅས་ལ་བདག་སྤྲོད་བྱས་ཏེ་བོད་ལ་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་མཚམས་འཇོག་དང་དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་འབྲེལ་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པའི་སྐུལ་མ་དང་འབྲེལ་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་གལ་ཆེར་མཐོང་།
གྲོས་ཆོད།
རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་མངོན་འདོད་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ཞིང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱིས་བོད་མི་ཡོངས་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཡིག་ཆ་ཨང་། ༣ ཁ
སྔོན་གླེང་།
༄༅། །ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༦ ཉིན་དགུང་གྲངས་ ༩༠ ཐམ་པའི་ཐོག་སྐུ་ཚེའི་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་ནི་ཕྱི་ལོ་ ༡༩༣༡ ལོའི་ཟླ་བ་ ༡༠ ཚེས་ ༠༧ ཉིན་ཡབ་ཛཁརཧཱ་ཛེལིལོ་ཊུ་ཊུ་ (Zachariah Zelilo Tutu) དང་། ཡུམ་ཨ་ལེན་ཌོརོཐཱ་མེཝོ་ཚེག་མྠེལེར་ (Allen Dorothea Mavoertsek Mathlare) གཉིས་ཀྱི་སྲས་སུ་ལྷོ་ཨ་ཕི་རི་ཀའི་ས་ཁུལ་ཀི་ལག་སི་ཌོབ་ (Klerksdorp) ཞེས་པར་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་བུ་ཕྲུག་ལྔ་ཡོད་པ་ནས་ཁོང་གསུམ་པ་དེ་ཡིན། ཁོང་དང་ལྕམ་སྐུ་ནོ་མ་ལི་ཛོ་ལེ་ཧ་ (Nomalizo Leah Shenxane) ལགས་གཉིས་ལ་སྲས་བཞི་ཡོད། ཕྱི་ལོ་ ༡༩༨༥་་་༡༩༨༦ ལོར་ཁོང་ལ་ཇྷོ་ནསེ་བྷགཱ་ཏུ་ཡེ་ཤུའི་ཆོས་པ་བྷི་ཤོབ་ (Johannesburg Bishop) ཅེས་པའི་མཚན་གནས་ཐོབ་པ་དང་། མཚན་གནས་དེ་མི་རིགས་ནག་པོ་ཞིག་ལ་ཐོབ་པ་ཐེངས་དང་པོ་ཆགས་ཀྱི་ཡོད། དེའི་རྗེས་ཀེབ་ཊཱཝོན་ (Cape Town) གྱི་ཨར་ཆི་བྷི་ཤོབ་ (Archbishop) གནང་ཡོད་པ་མ་ཟད་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ལྷ་ཁང་ལྷན་ཚོགས་ཀྱི་གཙོ་སྐྱོང་ཡང་གནང་། ཕྱི་ལོ་ ༡༩༨༤ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དང་། དེ་ནི་གཙོ་བོ་བླ་ཆེན་མཆོག་ནས་ལྷོ་ཨ་ཕི་རི་ཀའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་དཀའ་རྙོག་རྣམས་འཚེ་མེད་ཞི་བའི་ཐོག་ནས་མི་མང་དང་མཉམ་རུབ་ཀྱིས་ཕྱག་ལས་གནང་སྟེ་འཛམ་གླིང་ནང་ཞི་བདེ་ཡི་མིག་དཔེ་བཟང་པོ་སྟོན་གནང་པའི་རྒྱུ་མཚན་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊེན་གཟེངས་རྟགས་(John Templeton Prize) ཀྱང་འབུལ་བཞེས་མཛད་ཡོད། ཁོང་གིས་དཀའ་སྡུག་འོག་གནས་པའི་འཛམ་གླིང་སྤྱིའི་མི་མང་ས་ཡ་མང་པོ་དང་ལྷག་པར་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཧ་ཅང་ཚད་མཐོན་པོ་གནང་ཡོད་པ་དང་། ཁོང་གིས་དྲང་བདེན་གྱི་ལམ་ནས་རང་མི་རིགས་ལ་རང་དབང་ཐོབ་པར་མཛད་པ་དེས་འཛམ་གླིང་མི་མང་དང་བོད་མི་ཚོར་སེམས་ཤུགས་འཕར་མ་སྦྱིན་ཡོད་ལ། ཁོང་གིས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་དམ་བཅའ་བརྟན་པོའི་སྒོ་ནས་འཐབ་རྩོད་གནང་མཁན་ཞིག་དང་། བདེན་པ་བདེན་ཐུབ་ཀྱིས་བར་འདུམ་སླད་ཕྱག་ལས་རྒྱུན་སྐྱོང་གནང་མཁན་ཞིག་ཡིན་པས་འཛམ་གླིང་མི་མང་ལ་དྲང་བདེན་གྱི་སེམས་ཤུགས་བསྐྱེད་སའི་འབྱུང་རྩ་ལྟ་བུ་ཞིག་ཀྱང་ཆགས་ཡོད།
བླ་ཆེན་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་ཧ་ཅང་ཐུགས་ཐག་ཉེ་པོ་གནང་མཁན་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༢ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མགྲོན་དུ་བཞུགས་སྒར་རྡ་སར་ཐེངས་དང་པོ་ཆིབས་བསྒྱུར་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་གྱི་སྔོན་ཙམ་ལ་བཞུགས་སྒར་རྡ་སར་སླར་ཡར་ཆིབས་བསྒྱུར་གནང་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀཱང་ར་གནམ་ཐང་དུ་བླ་ཆེན་ཁོང་ཕེབས་བསུར་ཞབས་སོར་འཁོད་པ་མ་ཟད་ཁོང་རྣམ་གཉིས་མཇལ་འཛོམས་སྐབས་དྭངས་གཙང་ལྷད་མེད་ཀྱི་བྱིས་པ་ཆུང་ངུ་གཉིས་ལྟར་ཐུགས་འདྲིས་ཤིན་ཏུ་ཟབ་པའི་མཛའ་བརྩེའི་ངང་ཕན་ཚུན་བཅོས་མིན་གྱི་ཀུ་རེ་སོགས་མཛད་ཚུལ་ཀྱིས་མི་རྣམས་ལ་དགའ་དད་སྤྲོ་གསུམ་ཀྱི་སྤྲོ་བ་སྦྱིན་པའི་མཛད་འཕྲིན་བསྐྱངས་གནང་ཡོད་པ་དང་། བཞུགས་སྒར་དུ་ཞབས་སོར་འཁོད་རྗེས་ཁོང་རྣམ་གཉིས་ནས་བདུན་ཕྲག་གཅིག་རིང་གི་དུས་ཚོད་གཏོང་གནང་མཛད་དེ་མཇལ་འཛོམས་ཐོག་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་གོང་མཐོར་ཇི་ལྟར་སྤེལ་རྒྱུའི་ཐད་བཀའ་བསྡུར་བགྲོ་གླེང་ལྷུག་པོར་མཛད་ཡོད་པ་དེ་བཞིན་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་སྤྲོ་དེབ་ (The Book Of Joy) ཅེས་པ་དེང་སྐབས་འཛམ་གླིང་ནང་མི་མང་པོས་ལྟ་ཀློག་དང་དོན་གཉེར་བྱ་ཡུལ་དཔེ་དེབ་གྲགས་ཅན་ཞིག་ཆགས་ཡོད།
ཁོང་སྐུ་ཚེ་མ་ཟིན་པ་ནི་འཇིག་རྟེན་འདིའི་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་འཛམ་གླིང་ཞི་བདེའི་མཚོན་རྟགས་ཤིག་མེད་པར་གྱུར་ཏེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་ཞིང་། ཁོང་གི་སྐུ་ཚེ་ཧྲིལ་པོར་ཐུགས་སྟོབས་ཆེན་པོས་གཞན་ཕན་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད་པ་ནི་དུས་རྟག་ཏུ་གནས་ངེས་ཡིན་པས་བླ་ཆེན་ཁོང་གི་མཛད་རྗེས་ལ་ཡི་རངས་ཞུ་རྒྱུ་ཙམ་དུ་མ་ཟད། ཁོང་གི་སྙིང་སྟོབས་ཆེན་པོའི་མཛད་རྗེས་དེ་དག་མི་ཉམས་རྒྱུན་འཛིན་སླད་བདེན་པ་དང་འཚེ་བ་མེད་པའི་ལས་ལ་གཞོལ་རྒྱུ་ནི་དོན་གྱི་གནད་དམ་པ་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་གཞན་ཕན་རྨད་བྱུང་གི་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་འཛམ་གླིང་ཞི་བདེ་དང་བོད་དོན་འཐབ་རྩོད་ལའང་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ཉེ་འབྲེལ་ལྟོས་བཅས་དང་རྗེས་འཇུག་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཐུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཡིག་ཆ་ཨང་། ༤
སྔོན་གླེང་།
༄༅། །རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་དྲུག་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Virbhadra Singh) མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཞོགས་པ་ཆུ་ཚོད་ ༤ ཙམ་ལ་སིམ་ལའི་ཨིན་དྷ་ར་གྷན་དིའི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་ནི་ཕྱི་ལོ་ ༡༩༣༤ ཟླ་ ༦ ཚེས་ ༢༣ ཉིན་དེ་སྔ་ཧི་མཱ་ཅལ་ཁུལ་གྱི་རྒྱལ་པོའི་འཛིན་སྐྱོང་མངའ་སྡེ་བྷུ་ཤཱར་ (Bushahr) ཞེས་པ་དང་། ད་ལྟའི་ཧི་མ་ཅཱལ་མངའ་ཁོངས་སིམ་ལ་རྫོང་གི་སཱ་རཱ་ཧན་ (Sarahan) ཞེས་པའི་ནང་རྒྱལ་པོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། སློབ་གྲྭ་ཐོན་རྗེས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སེན་སི་ཊེ་ཕན་མཐོ་སློབ་ (St. Stephen’s College, Delhi) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༦༢ ལོར་ཧི་མ་ཅཱལ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཁོངས་ནས་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བ་དང་། རིམ་པས་ཕྱི་ལོ་ ༡༩༦༧ དང་། ༡༩༧༡། ༡༩༨༠། ༢༠༠༩ བཅས་སྐབས་ལྔའི་རིང་ལ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་གནང་། ཕྱི་ལོ་ ༡༩༧༦ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གནང་བ་དང་། དེ་བཞིན་ཕྱི་ལོ་ ༡༩༧༦ ནས་ ༡༩༧༧ བར་རྒྱ་གར་དབུས་གཞུང་གི་ཡུལ་སྐོར་སྤྲོ་འཆམ་དང་མཁའ་འགྲུལ་གྱི་བློན་ཆེན་གཞོན་པ་ (Deputy Minister for Tourism and Civil Aviation) དང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༣ བར་རྒྱ་གར་དབུས་གཞུང་གི་བཟོ་གྲྭའི་བློན་ཆེན། (Minister of State for Industries) ཕྱི་ལོ་ ༢༠༠༩ ཟླ་ ༥ ནས་ ༢༠༡༡ ཟླ་ ༡ བར་རྒྱ་གར་དབུས་གཞུང་གི་ངར་ལྕགས་བློན་ཆེན། (Minister of Steel) དེ་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༦ བར་རྒྱ་གར་དབུས་གཞུང་གི་ཚོང་ལས་བློན་ཆེན་ (Ministry of Micro,Small and Medium Enterprises) བཅས་གནང་ཡོད།
དེ་བཞིན་ཕྱི་ལོ་ ༡༩༨༣ ཟླ་ ༡༠ པའི་ནང་ཧི་མ་ཅཱལ་མངའ་སྡེའི་བར་མའི་འོས་བསྡུའི་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་དང་། རིམ་པས་ཕྱི་ལོ་ ༡༩༨༥ དང་། ༡༩༩༠། ༡༩༩༣། ༡༩༩༨། ༢༠༠༣། ༢༠༠༧། ༢༠༡༢ བཅས་ཁྱོན་སྐབས་བརྒྱད་རིང་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་ཞིང་། ཕྱི་ལོ་ ༡༩༨༣ ཟླ་ ༤ པར་ཁོང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་ཐེངས་དང་པོར་བསྐོ་གཞག་གནང་བ་ནས་བཟུང་རིམ་པས་སྐབས་དྲུག་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཛད་འགན་བཞེས་གནང་ཡོད། དེ་ནི་ཧི་མ་ཅཱལ་མངའ་སྡེའི་ནང་སྤྱི་ཁྱབ་བློན་ཆེན་ལས་ཡུན་རིང་ཤོས་གནང་མཁན་ཞིག་ཆགས་ཡོད།
ལྷག་པར་དུ་སྐུ་ཞབས་རཱ་ཇཱ་ཝིར་བྷདྲཱ་སིངྒ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་སྣང་གཤིན་པོ་ཡོད་པ། བོད་དོན་འཐབ་རྩོད་ཐོག་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། ཁོང་སྐུ་འཚོ་ཞུགས་སྐབས་༸གོང་ས་མཆོག་གི་སྐུའི་གྱ་སྟོན་སོགས་གཞུང་འབྲེལ་མཛད་སྒོ་ཁག་ཅིག་ལ་གདན་ཞུས་ལྟར་སྐུ་མགྲོན་དུ་ཆེད་ཕེབས་གནང་བ་དང་། ༸གོང་ས་མཆོག་གི་བཞུགས་སྒར་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བསྟི་གནས་ཡོད་ས་མེག་གྷན་ནས་རྡ་ཤོད་བར་གྱི་འགྲོ་ལམ་དེར་པོ་ཏ་ལའི་གཞུང་ལམ་ (Potala Road) ཞེས་མིང་བྱང་ཡང་གནང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྔ་རྗེས་རིམ་པར་མཇལ་འཕྲད་གནང་བ་སོགས་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཡིག་ཆ་ཨང་། ༥
སྔོན་གླེང་།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༠༣ ཉིན་ཨ་རིའི་མངའ་སྡེ་མེ་སི་ཆུ་སིའི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་།
ཁོང་ནི་ཕྱི་ལོ་ ༡༩༤༢ ལོར་ཕ་ནམ་མཁའ་རྡོ་རྗེ་དང་། མ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ཕ་ཡུལ་ཁམས་སྒ་པ་ཁྲི་འདུ་ནས་ཡིན་ཞིང་། བཙན་བྱོལ་དུ་འབྱོར་རྗེས་ཨ་རིར་དྲག་པོ་དམག་གི་སློབ་སྦྱོང་གནང་མྱོང་ཡོད་པ་དང་། རྒྱ་གར་མའི་སོར་སྦེལ་ཀོབ་བཙན་བྱོལ་བོད་མིའི་གཞིས་ཆགས་ལུགས་བསམ་གཞིས་གྲོང་གཉིས་པའི་སྤྱི་མི་དང་མཉམ་སྦྲེལ་འགན་འཛིན་གྱི་ཚོགས་མི། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས། བོད་མི་མང་སྤྱི་འཐུས་སྐབས་བདུན་པ་དང་། བརྒྱད་པ། བཅུ་པ་བཅས་སྐབས་སོ་སོར་མདོ་སྟོད་ཆོལ་ཁའི་ཁོངས་ནས་སྤྱི་འཐུས་སུ་བདམས་ཐོན་གྱིས་སྤྱི་འཐུས་ཀྱི་ལས་འཁུར་བཞེས་ཡོད་པ་མ་ཟད། སྐབས་བཅུ་པའི་སྤྱི་འཐུས་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་པ་སོགས་ཀྱི་ཕྱག་ལས་གནང་ཡོད། མདོར་ན་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་མཁན་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་བཟའ་ཟླ་དང་བུ་ཕྲུག་གཉེན་ཉེ་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཡིག་ཆ་ཨང་། ༦
སྔོན་གླེང་།
༄༅། །བོད་མི་མང་སྤྱི་འཐུས་ཟུར་པ་འབྲོག་སྨད་ཚེ་བརྟན་ནོར་བུ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༠༢ ཉིན་གྱི་ཐོ་རེངས་སུ་བལ་ཡུལ་རྒྱལ་ས་ཀཋ་མན་གྲུར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་།
ཁོང་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ལ་སྟོད་འབྲོག་པ་སྨན་ལྷའི་ཡུལ་དུ་འཁྲུངས་ཤིང་། བྱིས་པའི་དུས་སུ་ཤར་ཁུམ་ནང་པ་ལ་གངས་ལ་བརྒྱུད་ཤར་ཁུམ་བུར་ཕ་མ་སྤུན་མཆེད་མཉམ་སྐྱབས་བཅོལ་ལ་འབྱོར། དེ་རྗེས་ཤར་ཁུམ་གཞིས་ཆགས་སློབ་གྲྭ་ནས་དམའ་རིམ་སློབ་སྦྱོང་ཐོན། རིམ་པས་ཀཋ་མན་གྲུ་ཏྲི་བྷུ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ་ Tribhuvan University ནས་ (MBA) མཐོ་རིམ་སློབ་སྦྱོང་མཐར་སོན། དེའི་རྗེས་སུ་ (Xavier University (Searsolin), Philipines) ནས་ (Diploma in Leadership) དང་ (Asian Productivity Organisation (APO), Japan) ནས་ཚོང་འབྲེལ་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༠ ལོ་སྟོད་ཙམ་དུ་བལ་ཡུལ་དོན་ཁང་དུ་ས་མཚམས་སྣེ་ལེན་འབྲེལ་མཐུད་པའི་འགན་འཁུར་ལོ་བཞི་དང་། བདེ་སྲུང་འབྲེལ་ཡོད་ལས་ཁུངས་ཀྱི་ཁོངས་སུ་ལོ་དགུ་དང་ཕྱེད་ཀའི་རིང་ཞབས་ཞུ་གནང་། ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་གཉིས་རིང་ཚོགས་གཙོའི་ལས་འཁུར་ཞུས། དེ་རྗེས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་སུ་དབུས་གཙང་ཆོལ་ཁའི་ཁོངས་ནས་བདམས་ཐོན་བྱུང་བ་བཞིན་སྤྱི་འཐུས་ཀྱི་ལས་འཁུར་བཞེས། དེ་བཞིན་བལ་ཡུལ་རྒྱལ་ཡོངས་གདན་ཚོང་ཚོགས་པའི་དྲུང་ཡིག་ལོ་བཅུ་དང་། ཕྱི་ལོ་ ༡༩༩༡ ནས་བཟུང་བལ་ཡུལ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ བར་སམ་བྷོ་ཊ་གསར་ཤོག་གི་རྩོམ་སྒྲིག་པ། དེ་བཞིན་བལ་ཡུལ་ཀཋ་མན་གྲུ་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུའི་ཚོགས་གཙོ། (Philippines) ནང་དུ་སློབ་སྦྱོང་གནང་སྐབས་རྒྱལ་ཁབ་ཉི་ཤུའི་སློབ་གཉེར་བའི་ཚོགས་གཙོ་དང་ལོ་འཁོར་གསར་ཤོག་གི་རྩོམ་སྒྲིག་པ། ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་གནང་ཡོད། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་བོད་ཀྱི་རྩ་དོན་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སུད་སི་གྲོང་ཁྱེར་ (Geneva) བཅས་སུ་ཟས་བཅད་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་དང་། རྒྱལ་སྤྱིའི་སྡིངས་ཆ་མང་པོའི་ཐོག་བོད་དོན་གཏམ་བཤད་ཐེངས་མང་གནང་ཡོད། དེ་བཞིན་བལ་ཡུལ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཁུར་འོག་༸གོང་ས་མཆོག་གི་མཛད་རྣམ་བལ་པོའི་སྐད་དུ་བསྒྱུར་ཏེ་འགྲེམས་སྤེལ་དང་། བལ་ཡུལ་སྲིད་བློན་དང་བློན་ཆེན་ཁག་གིས་གཙོས་གནད་ཡོད་མི་སྣ་གདན་ཞུས་ཀྱིས་བོད་དོན་སྐོར་ལ་ཚོགས་འདུ་ཐེངས་མང་གོ་སྒྲིག་དང་བལ་ཡུལ་གནད་ཡོད་མི་སྣ་འགའ་རྡ་སར་གདན་འདྲེན་ཞུས། བལ་ཡུལ་དོན་ཁང་འོག་དེབ་སྐྱེལ་ཡོད་པའི་ཧི་མ་ལ་ཡའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྲུང་ཆེ་དང་། ལུམ་བི་ནི་ཐེབས་རྩ་ཞེས་པའི་ཚོགས་པའི་དྲུང་ཆེ། བོད་ཀྱི་རིག་གཞུང་བསྟི་གནས་ཁང་བཅས་ཀྱི་འགན་འཁུར་གྱིས་བོད་དོན་ཐོག་ཡིག་ཆ་ཁག་བལ་སྐད་དུ་བསྒྱུར་ཏེ་འགྲེམས་སྤེལ་དྲིལ་བསྒྲགས་དང་ཚོགས་འདུ་ཐེངས་མང་གོ་སྒྲིག་ཞུས་གནང་། ལྷོ་ཨ་ཕ་རི་ཀ་དང་། ཐེ་ཝན་སོགས་སུ་མགྲོན་འབོད་ལྟར་བོད་དོན་ཐོག་གཏམ་བཤད་གནང་། དེ་བཞིན་བོད་ཀྱི་ཚོང་འབྲེལ་ལྷན་ཚོགས་ཐེངས་དང་པོའི་ཚོགས་གཞོན་སོགས་ཀྱི་འགན་འཁུར་ཕྱག་ལས་གནང་ཡོད། མདོར་ན་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་མཁན་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་བཟའ་ཟླ་དང་བུ་ཕྲུག་གཉེན་ཉེ་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ལ།།