༄༅། །བོད་ཡུན་ནན་རྒྱལ་ཐང་རྫོང་ནས་ཡིན་པའི་བོད་མི་བློ་ལྡན་དང་ཤེས་རབ་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་གཟུང་བྱས་ཏེ་ཟླ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་གཉིས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག
དེ་ཡང་བོད་ཀྱི་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༠ ཡས་མས་ཤིག་ལ། བོད་ཡུན་ནན་རྒྱལ་ཐང་རྫོང་ཡང་ཐང་སྡེ་བ་ནས་ཡིན་པའི་བོད་རིགས་གཞོན་ནུ་བློ་ལྡན་དང་ཤེས་རབ་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་གཟུང་བྱས་ཏེ་རྒྱལ་ཐང་ཉེན་རྟོག་ཁང་དུ་འཁྲིད་ཕྱིན་ཡོད་ཀྱང་། ཟླ་གསུམ་ལྷག་འགྲོ་བཞིན་ཡོད་ནའང་ད་དུང་ཁོང་གཉིས་ཀྱི་གནས་སྟངས་ག་འདྲ་ཡོད་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་སྟབས། ཁོང་གཉིས་ཀྱི་ཁྱིམ་མི་ཉེ་འབྲེལ་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག
ཁོང་གཉིས་ཀྱི་སློབ་གྲོགས་ཤིག་གིས་འདི་གའི་གསར་འགོད་པར། སློབ་ཕྲུག་དེ་གཉིས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་སྨན་ཞབས་ཀྱི་ཆེད་ལས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༠ ལྷ་ས་ནས་དཀར་མཛེས་གནམ་ཐང་དུ་འབྱོར་བ་དང་། དེ་ནས་ལི་ཐང་དུ་ཕྱིན་རྗེས་འཛིན་བཟུང་བྱས་ཡོད་སྐོར་དང་། ཁོང་གཉིས་ག་རེ་བྱས་ནས་འཛིན་གཟུང་བྱས་ཡོད་མེད་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་བྱུང་།
བོད་རིགས་གཞོན་ནུ་བློ་ལྡན་ནི་ཡང་ཐང་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཀརྨ་དོན་གྲུབ་དང་མ་མིང་ལ་སྒྲོལ་མ་རིན་ཆེན་ཟེར་གྱི་ཡོད་པ་དང་། བློ་ལྡན་ལ་སྤུན་མཆེད་བུ་གསུམ་ཡོད་པ་དང་ཁོང་ནི་ཆེ་ཤོས་དེ་ཡིན་འདུག རང་ལོ་ ༢༣ ཙམ་ཡིན་པའི་གཞོན་ནུ་ཤེས་རབ་ནི་ཐེག་ཆེན་སྡེ་བ་ནས་ཡིན་པ་དང་ཕ་མིང་ལ་དོན་བཀྲ་དང་མ་མིང་ལ་དབང་མོ་ཟེར་གྱི་ཡོད་འདུག །