༄༅། །འདི་གར་ཨོ་གླིང་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་འཚོག་གཏན་འཁེལ་བར་ངོ་རྒོལ་མཚོན་ཆེད། ཨོ་གླིང་གནས་མཁར་གསར་ (Newcastle) ས་གནས་བོད་མི་ཚོས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣༡ རེས་གཟའ་ཟླ་བ་ཉིན་ནས་འགོ་བཙུགས་ཏེ། གནས་མཁར་གསར་ས་གནས་ནས་སིད་ནི་གྲོང་ཁྱེར་བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།དེ་ཡང་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ཉིན་དང་པོའི་མཛད་སྒོའི་ཐོག་ཨོ་གླིང་དབུས་གྲོས་ཚོགས་འཐུས་མི་ལྕམ་ཤཱ་རོན་ (Sharon Claydon) ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ལྕམ་ཤཱ་རོན་ལགས་ཀྱིས། གཞུང་འཛིན་གྱི་རྒྱལ་ཁབ་སུ་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གང་ཡིན་ལ་ངོ་རྒོལ་བྱེད་དགོས་པ་ཞིག་རེད། རྣམ་པ་ཚོའི་ལས་འགུལ་དེའང་དུས་དང་བསྟུན་པའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་པ་ཚོས་དོ་སྣང་བྱ་རྒྱུ་ཡིན་པ་ལྟར། ང་རང་ངོས་ནས་ཀྱང་སེམས་ཐག་ཉེ་པོའི་དོ་སྣང་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དེ་གནས་མཁར་གསར་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་ཞུས་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་ལས་འགུལ་སྣེ་ཁྲིད་གནང་བའི་ཐོག ཆབ་སྲིད་བཙོན་ཟུར་བསྟན་འཛིན་དོན་ཡོདལགས་དང་། ཟླ་བ་བཀྲ་ཤིས་ལགས། བཀྲ་ཤིས་ཚེ་བརྟན་ལགས། པདྨ་མཚོ་ལགས། བསྟན་འཛིན་གངས་ལྷ་ལགས། མགུར་འབུམ་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག་ལ། དགུང་ལོ་ཆུང་ཤོས་ཀྱི་ལས་འགུལ་བ་བསྟན་འཛིན་གངས་ལྷ་ལགས་ནི་ད་ལྟ་རང་ལོ་བཅོ་ལྔ་ཙམ་ཡིན་པ་རེད་འདུག
གོམ་བགྲོད་ལས་འགུལ་བ་རྣམས་ཀྱིས་གསུངས་པ་ལྟར་ན། ཁོང་ཚོའི་ལག་ཏུ་བོད་ཀྱི་རྒྱལ་དར་དང་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་དར། ཨོ་གླིང་གདོད་མའི་མི་རིགས་ཀྱི་དར་ཆ་བསྣམས་ཤིང་། འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་མི་ཞུ་མཁན་ལ། འཛམ་གླིང་ཨོ་རྩེད་འགྲན་ཚོགས་བསྡུ་བའི་ཐོབ་ཐང་མེད་ཅེས་སོགས་འཁོད་པའི་འཕྲེད་དར་དང་སྦྱར་ཡིག་ཁྱེར་ནས་འགྲོ་སྐབས། ས་གནས་ཡུལ་མི་མང་པོས་རླངས་འཁོར་གྱི་དུང་བརྡ་སྒྲོག་པ་དང་། གོམ་བགྲོད་པའི་འཁྲིས་སུ་ཡོང་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་གྱིན་འདུག་ཅེས་གསུངས་སོང་།
ཤེས་རྟོགས་བྱུང་བར། ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་ས་གནས་གཞན་གྱི་བོད་རིགས་ཁག་གཅིག་ཀྱང་མཉམ་ཞུགས་གནང་འཆར་ཡོད་པ་དང་། རེས་གཟའ་པ་སངས་སྟེ་ཕྱི་ཟླ་ ༢ ཚེས་ ༤ ཉིན། ལས་འགུལ་བ་རྣམས་སིད་ནི་གྲོང་ཁྱེར་གྱི་མར་ཊིན་པེ་ལེ་སི་ (Martin Place) ས་ཁུལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སིད་ནི་བོད་རིགས་མཐུན་ཚོགས་བཅས་ནས་སྤེལ་རྒྱུའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག །