༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ ནས་ ༡༨ བར་ལྷོ་སྤྱི་ཁྱབ་ཁོངས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི་ (Chennai) དང་། ཨོ་རོ་ཝི་ལེ་ (Auroville) པོན་ཌི་ཅ་རི་ (Pondicherry) བཅས་དང་། དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི་ལ་ཕེབས་འབྱོར་སྐབས། མ་རྡ་ར་སིའི་མཐོ་སློབ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཕྱི་ཚེས་ ༡༢ ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཅེན་ནའི་མཐོ་སློབ་སློབ་ཕྲུག་དང་། སྨན་རྩིས་ཁང་གི་ལས་བྱེད་བཅས་དང་ལྷན་ཐུག་འཕྲད་ཀྱིས་སྤྱི་འཐུས་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་ཛ་དྲག་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་། ཚོགས་བཅར་བས་དྲི་བ་ཕུལ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།དེ་རྗེས་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨ་ཤ་རེ་ཌི་ (Asha Reddy) མཆོག་དང་། ས་གནས་མཐོ་སློབ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱི་ལྷན་མ་དྷ་ར་སི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་སྐུ་ཞབས་མ་ཐེ་ཝ་ནན་ (Professor Dr. N. Mathivanan, Director & Head at University of Madras ) མཆོག་དང་ལྷན་ལྷན་མཇལ་འཕྲད་གནང་སྟེ། ཅེན་ནའི་མཐོ་སློབ་ཁག་ནང་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་མཐུན་འགྱུར་རོགས་ཕན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་མི་ཚོས་རང་གི་སྐད་ཡིག་དང་། རིག་གཞུང་གཅེས་འཛིན་གནང་དགོས་པའི་ལམ་སྟོན་སོགས་གནང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་སྤྱི་འཐུས་རྣམ་པས་ཅེན་ནའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་སྐུ་ཞབས་ས་ཏི་ཡ་ཀུ་མར་ (Dr. M. Sathya Kumar, Advocate in Madras High Court) མཆོག་དང་ལྷན་མཇལ་འཕྲད་ཀྱིས་འབྱུང་འགྱུར་ཅེན་ནའི་ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐབས་ཡོང་བའི་འབོད་སྐུལ་ཞུས་གནང་འདུགཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པ་ཨོ་རོ་ཝི་ལེར་ཡོད་པའི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ (Auroville Pavilion of Tibetan Culture) ལ་གཟིགས་སྐོར་དང་། དེ་རྗེས་དེ་གའི་བོད་ཁང་གི་ལས་བྱེད་དང་། འབྲེལ་ཡོད་མཉམ་ཚོགས་འདུ་དང་། གསུང་བཤད་དང་། ཚོགས་བཅར་བའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲོ་སྦེང་ལོར་ཕྱོགས་ལ་ཕེབས་ཐོན་གནང་།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ལས་ཁང་དུ་ཕེབས་འབྱོར་གནང་བ་དང་། སྐབས་དེར་ས་གནས་དགོན་སྡེའི་སྐུ་ཚབ། ས་གནས་རང་བདེན་ཚོགས་གཙོ། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། སཾ་བྷོ་ཊའི་སི་ཝི་པིའི་སློབ་སྤྱི། འོ་མ་མཉམ་འབྲེལ་ཚོགས་གཙོ། རྩེད་མོ་ཚོགས་ཆུང་གི་ཚོགས་གཙོ། སྤྱི་ཚབ་གཉིས། གཞིས་ལས་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ༧རྒྱལ་བའི་ཕོ་བྲང་དང་། འབྲི་གུང་བཀའ་བརྒྱུད་དགོན་པ། པདྨ་གསང་སྔགས་ཆོས་གླིང་། གདན་ས་བཀྲ་ཤིས་ལྷུན་པོ་དང་དཔེ་མཛོད་ཁང་བཅས་ལ་གནས་གཟིགས་དང་སྡེ་ཚན་ཁག་ལ་འཚམས་གཟིགས་གནང་བ་དང་། ཉིན་རྒྱབ་སཾ་བྷོ་ཊའི་སི་ཝི་པི་སློབ་གྲྭ་དང་། བདེ་སླར་རང་ཚོགས། ས་གནས་མཉམ་འབྲེལ་ལས་ཁུངས་དང་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་ཡོད། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་ནང་ས་གནས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། མི་མང་འདུ་འཛོམས་ཀྱིས་ཚོགས་འདུ་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཐོག་མར་༧རྒྱལ་བའི་བཞུགས་ཁྲིར་མཇལ་དར་སྒྲོན་འབུལ་ཞུས་རྗེས། ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་ནས་ངོ་སྤྲོད་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་པས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་ནས་ཕུལ་བའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་། མཐར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་བ་དང་། དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ཅོ་ཀུར་ཁུལ་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་ཅོ་ཀུར་གཞིས་གྲོང་གཉིས་ཀྱི་ཚོགས་ཁང་མདུན་དུ་མི་མང་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། སྨན་ཁང་དང་། རུམ་གདན་བཟོ་གྲྭ་བཅས་གཉིས་ལ་འཚམས་གཟིགས་དང་། དེ་ནས་དེ་གའི་ཚོགས་ཁང་ནང་མི་མང་འདུ་འཛོམས་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་ནས་ཕུལ་བའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གཞིས་གྲོང་གཉིས་ཀྱི་སྤྱི་ཁང་ལ་འཚམས་གཟིགས་གནང་ཡོད། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་ས་གནས་ཞིང་ལས་སྡེ་ཚན་དང་། སྤྱི་མཐུན་མཉམ་འབྲེལ་ལས་ཁུངས། ཕྱུགས་ལྟོ་སྡེ་ཚན་བཅས་ལ་འཚམས་གཟིགས་ཕེབས་སྐབས། འབྲེལ་ཡོད་སྡེ་ཚན་སོ་སོ་ནས་ཕེབས་བསུ་སྣེ་ལེན་དང་། དེ་བཞིན་སྡེ་ཁག་སོ་སོར་གཟིགས་ཞིབ་གནང་ཡོད།
གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ལམ་འགོར་བཅས་ཁྱོན་ཉིན་གྲངས་ ༨ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་ཡོད་པ་བཅས། །