༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་ཏ་སིལ་དྷར་སྐུ་ཞབས་ཤི་རི་དྷར་མུན་གྷལ་མ་ནི་ (Tahsildar Sridhar Mungalmani) ལགས་དང་། མོན་གྷོ་ཏ་ལུགས་སྨན་ཁང་གི་འཛིན་སྐྱོང་འགན་འཛིན་སྨན་པ་ཨེ་ཇ་ཨེ་ཕི་ཨིན་གྷལ་ (Rtn. Dr. H. F. Ingle, Administrative Medical officer of Taluk Hospital mundgod) ལགས། མོན་གྷོ་ས་གནས་ཉེན་རྟོག་སྤྱི་ཁྱབ་དཔོན་སྐུ་ཞབས་སི་དྷ་པ་ ཤི་མ་ནི་ (Siddappa Shimani, Circle Police Inspector, Mundgod) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷི་ཨེམ་ རཡེ་ཀར་ (B.M Raikar, Bharath Tibat Sahayog Manch) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཀེ་སི་ ཐོ་མ་ས་ (K.C Thomas, Indo Tibetan Friendship Society) ལགས། ས་གནས་ཝི་ཤ་ཝ་ ཧིན་དུ་པ་རི་ཤཏ་ཚོགས་པའི་ཚོགས་མི་ (Shri Mohan Das, Vishwa Hindu Parishad) ལགས་སོགས་མཇལ་འཕྲད་དང་། དེ་བཞིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ཐུག་འཕྲད་གནང་སྟེ་ས་གནས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་མོན་གྷོ་ས་གནས་ཀྱི་ཏ་སིལ་དྷར་སྐུ་ཞབས་ཤི་རི་དྷར་མུན་གྷལ་མ་ནི་ (Tahsildar Sridhar Mungalmani) ལགས་མཇལ་འཕྲད་གནང་སྟེ། ཏ་སིལ་དྷར་ལས་ཁུངས་བརྒྱུད་ནས་ད་བར་ས་གནས་འདིའི་གཞིས་ཆགས་གྲོང་སྡེ་ཁག་ཡར་རྒྱས་དང་། མཐུན་འགྱུར་རྒྱབ་སྐྱོར་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད། དེ་རྗེས་རིམ་པས་མོན་གྷོ་ཏ་ལུགས་སྨན་ཁང་གི་འཛིན་སྐྱོང་འགན་འཛིན་སྨན་པ་ཨེ་ཇ་ ཨེ་ཕི་ཨིན་གྷལ་ (Rtn. Dr. H. F. Ingle, Administrative Medical officer of Taluk Hospital mundgod) ལགས་དང་ལྷན་མཇལ་འཕྲད་གནང་སྟེ། ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་ཐོག་མཐུན་འགྱུར་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་དམིགས་བསལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་གནང་བ་དང་།དེ་བཞིན་མོན་གྷོ་ས་གནས་ཉེན་རྟོག་སྤྱི་ཁྱབ་དཔོན་སྐུ་ཞབས་སི་དྷ་པ་ཤི་མ་ནི་ (Siddappa Shimani, Circle Police Inspector, Mundgod) ལགས་དང་མཇལ་འཕྲད་གནང་སྟེ། སྤྱི་འཐུས་རྣམ་གཉིས་ནས་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་བ་དང་སྦྲགས། ༧གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་གནང་སྐབས་༧སྐུའི་སྲུང་བྱའི་ཐོག་མཐུན་འགྱུར་རོགས་རམ་གནང་རྒྱུས་མཚོན་གཞིས་ཆགས་ཁྱབ་ཁོངས་སུ་བདེ་སྲུང་ཐོག་ཕྱག་རོགས་རྒྱ་ཆེ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད། མཇལ་འཕྲད་སྐབས་སོ་སོར་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་ལས་ཁུངས་ཀྱི་དཔོན་རིགས་རྣམས་བཞུགས་སྒར་རྡ་སར་གདན་ཞུས་གནང་ཡོད།དེ་རྗེས་རང་ཁོངས་དམག་ཟུར་ཚོགས་པའི་ལས་ཁུངས་དང་། ཚོང་ཁང་སོགས་སུ་འཚམས་གཟིགས་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོའི་མཆོད་རྟེན་མདུན་དུ་མཆོད་མེ་ཞལ་ཕྱེ་དང་བསྔོ་སྨོན་གནང་བ་དང་། དེ་བཞིན་ས་གནས་གྲོས་ཚོགས་དང་། རང་བདེན་ཚོགས་ཆུང་། མཉམ་འབྲེལ་དང་། ཞི་བ་འཚོ་དཔེ་མཛོད། ས་གནས་གཞོན་ནུ་དང་ལྷ་མོ་ཚོགས་པ་བཅས་ཀྱི་ལས་ཁུངས་སུ་འཚམས་གཟིགས་གནང་ཡོད། འཚམས་གཟིགས་སྐབས་ལས་ཁུངས་སོ་སོའི་ཚོགས་གཙོ་དང་དྲུང་ཆེ། རྒྱུན་ལས་བཅས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་བཞིན་ལས་ཁུངས་སོ་སོའི་སྐོར་ངོ་སྤྲོད་དང་ལས་བསྡོམས་སྒྲོགས་སྦྱང་སོགས་གནང་བ་དང་། ལས་ཁུངས་སོ་སོ་ནས་དོགས་འདྲི་ཕུལ་བ་ཁག་ལ་སྤྱི་འཐུས་རྣམ་པས་ལན་འདེབས་དང་། མཇུག་གནོན་དགོས་རིགས་བཅས་ལ་ལམ་སྟོན་འཐུས་ཚང་གནང་འདུགདེ་ནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷི་ཨེམ་རཡེ་ཀར་ (B.M Raikar, Bharath Tibat Sahayog Manch) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཀེ་སི་ ཐོ་མ་ས་ (K.C Thomas, Indo Tibetan Friendship Society) ལགས། ས་གནས་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་ཚོགས་མི་སྐུ་ཞབས་མོ་ཧན་ད་ས་ (Shri Mohan Das, Vishwa Hindu Parishad) ལགས་སོགས་འཐུས་མི་ལྔ་དང་ལྷན་མཇལ་འཕྲད་གནང་སྟེ། བོད་དོན་སྐོར་བཀའ་བསྡུར་དང་། འདས་པའི་ལོ་ཟླའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་མིའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་ཡོད་པ་དང་། འབྱུང་འགྱུར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཚོགས་ཆེན་འཚོག་ཐུབ་རྒྱུར་ལས་རིམ་བང་བསྒྲིག་དགོས་པའི་སྐུལ་མ་བཅས་བཏང་གནང་འདུག ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་ཐུན་མོང་ནས་མགྲིན་གཅིག་ཐོག་མོན་གྷོ་ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་རྒྱ་གར་ཡུལ་མི་རྣམས་ལ་རོགས་སྐྱོར་ཤུགས་ཆེ་གནང་སོང་བར་བཀའ་དྲིན་ཆེ་ཞེས་ཞུས་འདུག དེ་རྗེས་སྤྱི་འཐུས་རྣམ་པ་ (Dalai lama iti) སློབ་གྲྭར་འཚམས་གཟིགས་དང་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཁག་ཅིག་ཐུག་འཕྲད་གནང་ཡོད།ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་ཁང་དུ་གཞིས་གྲོང་བཅུའི་མང་ཚོགས་འདུ་འཛོམས་ཐོག སྤྱི་འཐུས་མཁན་པོ་ཁཿ བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་སོགས་ངོ་སྤྲོད་གསུང་བཤད་གནང་བ་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་བོད་ལ་འཛིན་པའི་སྲིད་བྱུས་སོགས་ངོ་སྤྲོད་གནང་རྗེས། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཉིན་རྒྱབ་སཾབྷོཊ་སློབ་གྲྭར་ཕེབས་འབྱོར་མཚམས། དགེ་སློབ་ཡོངས་ནས་རྔ་རོལ་དང་བཅས་ཕེབས་བསུ་དང་། དེ་རྗེས་དགེ་སློབ་ཡོངས་ལ་སྤྱི་འཐུས་རྣམ་གཉིས་ནས་ཤེས་ཡོན་གལ་ཆེ་ཚུལ་སོགས་ཀྱི་སྐོར་སྙིང་བསྡུས་གསུངས། རིམ་པས་གཞིས་གྲོང་ ༣ པ་དང་ ༤ པ། ས་གནས་སྨན་རྩིས་ཁང་དང་། རྒས་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། བཙུན་དགོན། གཞིས་གྲོང་ ༤ པ་དང་ ༥ པ་བཅས་ལ་གཟིགས་སྐོར་གནང་། དེ་ནས་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག སློབ་མཐར་སོན་པའི་མཛད་སྒོའི་ཐོག་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ལྟར་ཆེད་བཅར་གནང་སྟེ། སློབ་མཐར་སོན་པའི་སློབ་མ་རྣམས་ལ་སྤྱི་འཐུས་རྣམ་གཉིས་ནས་གསོལ་རས་སྩལ། དེ་ནས་བྲག་གཡབ་ཆུང་ཚང་རིན་པོ་ཆེ་མཆོག་དང་། ཁོང་གི་ཡབ་བཅས་རྣམ་གཉིས་ནས་སྣེ་ལེན་དང་སྦྲགས། གསར་དུ་བཞེངས་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་ཁོར་ཡུག་སོགས་ལ་གཟིགས་སྐོར་དང་། མོན་གྷོ་རྩེད་ཐང་དུ་རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་འཐུས་མི་ཁག་ཅིག་ནས་སྤྱི་འཐུས་རྣམ་གཉིས་ཕེབས་བསུའི་སྣེ་ལེན་དང་སྦྲགས། གཟིགས་སྐོར་གནང་བ་དང་། དགོང་མོར་ས་གནས་ཆུ་སྒང་ནས་སྤྱི་འཐུས་རྣམ་གཉིས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད།ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ནས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། སྨན་པའི་འགན་འཛིན་བཅས་ཀྱི་ལྷན། སྤྱི་འཐུས་རྣམ་གཉིས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་ཕེབས་སྐབས། བླ་སྤྱིའི་ཕྱག་མཛོད་རྣམ་པས་ཕེབས་བསུ་དང་སྦྲགས། གྲྭ་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། དེ་ནས་རིམ་པས། འབྲས་བློ་གླིང་དང་། སྒོ་མང་། རྭ་སྟོད་དང་ས་སྐྱ་བཅས་སུ་གནས་གཟིགས་ཕེབས་ཤིང་། དེའི་སྐབས་སུ་གྲྭ་ཚང་སོ་སོའི་མཁན་པོ་དང་། ཕྱག་མཛོད་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག དེ་ནས་གཞིས་གྲོང་ ༦ པའི་སློབ་གྲྭ་དང་། འཛིན་གྲྭ་ཆ་ཚང་ལ་གཟིགས་སྐོར་དང་། དེའི་རྗེས་སུ་གཞིས་གྲོང་ ༦ པ་དང་། ༧ པ། ༨ པ་བཅས་ཀྱི་བརྒྱ་དཔོན་དང་། རྒྱུན་ལས་ཚོས་ཕེབས་བསུའི་སྣེ་ལེན་དང་སྦྲགས་གཞིས་གྲོང་ཁག་ལ་གཟིགས་སྐོར་དང་། དེ་ནས་བཀའ་བརྒྱུད་དགོན་པར་གནས་གཟིགས་དང་། འབྲས་སྤུངས་ཚན་རིག་བསྟི་གནས་ཁང་དུ་དམིགས་བསལ་གདན་ཞུས་ལྟར་གཟིགས་སྐོར་དུ་ཕེབས་གནང་ཡོད།ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་པ་དགའ་ལྡན་བླ་སྤྱིའི་འདུ་ཁང་དུ་ཆེད་ཕེབས་གནང་སྐབས། དགའ་ལྡན་བླ་སྤྱིའི་ཕྱག་མཛོད་ནས་ཕེབས་བསུའི་སྣེ་ལེན་དང་། འདུ་ཁང་ལ་གནས་གཟིགས་གནང་བ་དང་། དེའི་རྗེས་སུ་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་ནས་སྤྱི་འཐུས་རྣམ་གཉིས་ནས་གྲྭ་མང་ཡོངས་ལ་གོང་ལྟར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གཞིས་གྲོང་ ༡ པོ་དང་ ༢ པ། ༩ པ། ༡༠ པ་བཅས་སུ་གཟིགས་སྐོར་གནང་། དགོང་དྲོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གདན་ཞུས་ལྟར་དགེ་བཤེས་ལྷ་རམས་པའི་དམ་བཅའི་དགོང་ཚོགས་དང་། དཀར་མཛེས་སྤྱི་ཁང་དུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཞུ་སར་ཆེད་བཅར་གནང་།ཕྱི་ཚེས་ ༢༡ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་མོན་གྷོ་ནས་གྷོ་ཝའི་ལམ་དུ་ཀར་ན་ཊ་ཀའི་ཨུ་ཊ་ར་ཀ་ན་ཌ་རྫོང་གི་ས་གནས་ཉེན་རྟོག་དམག་མིའི་སྤྱི་ཁྱབ་དཔོན་ལྕམ་སྐུ་སུ་མན་ཌི་པེན་ནི་ཀར་ (Superintendent of Police Dr. Suman D. Pennekar, IPS) ལགས་དང་རྫོང་དཔོན་སྐུ་ཞབས་མུ་ལེཡེ་མུཧི་ལན་ (Shri. Mullai Muhilan M P, I.A.S of Uttara Kannada District, Karnataka) ལགས་རྣམ་གཉིས་དང་སོ་སོར་མཇལ་འཕྲད་གནང་ཡོད། སྐབས་དེར་མོན་གྷོ་ས་གནས་འགོ་འཛིན་ཡང་མཉམ་བཅར་ཞུས་ཡོད། ཕྱི་དྲོ་གྷོ་ཝ་བོད་མིའི་ཁྲོམ་རར་ཕེབས་འབྱོར་སྐབས། དེ་གའི་འབྲེལ་མཐུད་པ་གཙོས་རྒྱུན་ལས་ཚོས་ཕེབས་བསུ་དང་། དེ་ནས་འབྲེལ་མཐུད་པའི་སྣེ་ཁྲིད་འོག་བོད་མིའི་ཁྲོམ་རར་གཟིགས་སྐོར་གནང་བ་བཅས། །
གསར་གནས།
འབྲེལ་གནས།