༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མོལ་བརྒྱུད་ཡུ་ཀེ་རེན་ནང་ཞི་བདེ་སླར་གསོ་གནང་དགོས་པའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ཡུ་ཀེ་རེན་ནང་འཁྲུག་རྩོད་བྱུང་བས་ངོས་རང་ཧ་ཅང་བློ་ཕམ་བྱུང་། འཛམ་བུ་གླིང་ཧྲིལ་པོ་གཅིག་ལ་གཅིག་བརྟེན་ཆགས་ཡོད་སྟབས་རྒྱལ་ཁབ་གཉིས་དབར་དྲག་པོའི་འཁྲུག་རྩོད་བྱུང་བ་དེས་འཛམ་བུ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད། དམག་འཁྲུག་གི་དུས་ཚོད་ཡོལ་ཟིན་པ་རེད། འཚེ་མེད་ཞི་བའི་ཐབས་ལམ་ནི་དཀའ་རྙོག་སེལ་བའི་ཐབས་ལམ་གཅིག་པུ་དེ་ཡིན། ང་ཚོས་མི་གཞན་རྣམས་མཆེད་གྲོགས་ཕོ་མོ་ཡིན་པ་བརྩིས་ཏེ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་དགོས། ཐབས་ལམ་འདི་ནི་ང་ཚོས་འཛམ་བུ་གླིང་སྔར་ལས་ལྷག་ཞི་བདེ་ལྡན་པ་ཞིག་ཇི་ལྟར་བསྐྲུན་དགོས་པ་དེ་ཡིན།
དཀའ་ངལ་དང་འགལ་འདུ་རྣམས་གྲོས་མོལ་བརྒྱུད་ནས་སེལ་ཐབས་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན། ཕན་ཚུན་གྱི་བདེ་སྡུག་ལ་བསམ་ཤེས་དང་བརྩི་བཀུར་བྱེད་ན་ད་གཟོད་དོན་དམ་པའི་ཞི་བདེ་ཡོང་གི་རེད། ང་ཚོས་ངེས་པར་རེ་བ་རླག་ཏུ་འཇུག་རྒྱུ་མེད། དུས་རབ་༢༠ པ་ནི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཡོད། དུས་རབས་༢༡ པ་འདི་ངེས་པར་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས། ངོས་ཀྱིས་ཡུ་ཀེ་རེན་ནང་གང་མགྱོགས་ཞི་བདེ་སླར་གསོ་ཡོང་བའི་ཐུགས་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད། །