༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དང་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དྲ་ལམ་བརྒྱུད་བོད་ཀྱི་གནད་དོན་ཇི་ལྟར་གལ་གནད་ཆགས་ཚུལ་ (Why Tibet Matters) ཞེས་པའི་བརྗོད་གཞིའི་སྐོར་དྲྭ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་དང་། བགྲོ་གླེང་དེ་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ངོ་དེབ་བརྒྱུད་ཐད་གཏོང་གནང་ཡོད།
དེ་ཡང་བགྲོ་གླེང་སྟེང་ཁེ་ན་ཌའི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་མ་ཡི་ཁེལ་བྷ་ཁི་ལེ་(Michael Buckley) ལགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམ་པ་སོགས་མཉམ་ཞུགས་གནང་ཡོད། བགྲོ་གླེང་ཐོག་སྐུ་ཞབས་མ་ཡི་ཁེལ་བྷ་ཁི་ལེ་ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཆུའི་ཐོན་ཁོངས་ལ་བཤུ་གཞོག་དང་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་གི་རྒྱུན་གནས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ལོ་རྒྱུས་ཐོག་སོག་པོ་དང་མན་ཇུའི་སྐབས་བོད་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་འདྲ་མིན་ཐེབས་ཡོད་ཀྱང་བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད། ཅེས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་དབང་བསྒྱུར་བྱས་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ལ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་འགན་ཆེན་པོ་ཡོད། ཅེས་གསུངས།
ཐེངས་འདིའི་དྲྭ་ཐོག་གི་བགྲོ་གླེང་སྐབས་མི་གཞན་གྱིས་སྐད་སྒྲ་ཆེན་པོ་དང་ཆགས་སྲེད་ཀྱི་པར་རིས་སོགས་བཏང་སྟེ་བར་ཆད་བཟོས་ཡོད་ནའང་། བགྲོ་གླེང་དང་དྲི་བ་དྲིས་ལན་ཚགས་ཚུད་བྱུང་ཡོད། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བགྲོ་གླེང་དབུ་འབྱེད་དང་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།