༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་གཅིག་ལྷག་རིང་བཀག་བསྐྱིལ་བྱས་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་ལྷ་སའི་ཁྲིམས་ཁང་ཞིག་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་བཙུགས་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
སྤྱིར་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་གློ་ནད་ཡོད་པ་དང་། རྒྱ་ནག་གི་བཙོན་ཁང་དུ་སྨན་བཅོས་དང་ཞལ་ལག་གི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་པ་མ་ཟད། བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་མི་སྣས་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཉེས་རྡུང་བཏང་བའི་རྐྱེན་གྱིས་ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥེ་རི་ཆར་ཌི་སན་ (Sophie Richardson) ལགས་ཀྱིས་རྒྱ་ནག་གཞུང་གིས་བསྐྱར་དུ་བོད་མི་ཞིག་དྲང་བདེན་མ་ཡིན་པའི་ཐོག་ནས་བཙོན་འཇུག་བྱས་པ་དེ་སྲོག་ཐོག་ཉེས་ཆད་ལྟ་བུའི་ཉེན་ཁ་ཆགས་ཡོད་པ་དང་། སྒོ་ཤེས་རབ་རྒྱ་མཚོ་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་ཆ་ཚང་སྤྲོད་དགོས། ཞེས་གསུངས།
སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་ཁག་གཅིག་གིས་ཐུན་མོང་ཐོག་རྒྱ་ནག་གཞུང་ལ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་སྟངས་སྐོར་འདྲི་རྩད་གནང་ཡོད། དེའི་ལན་དུ་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་བཙུགས་འོག་འཛིན་བཟུང་བྱས་ཡོད་པའི་སྐོར་ལན་འདེབས་བྱས་འདུག །