༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ནང་ཆབ་མདོ་བྲག་གཡབ་རྫོང་གི་བོད་མི་ནོར་མཚོ་དང་། ཨ་བཟང་། རྡོ་ཁྲ་བཅས་གསེར་རྟ་བླ་རུང་སྒར་དུ་གནས་སྐོར་ལ་བསྐྱོད་དེ་ཕྱིར་ལོག་སྐབས་བྲག་མགོ་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་བོད་མི་དེ་དག་གི་ཁ་པར་སྔོག་བཤེར་བྱས་ཏེ་ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་འདྲ་པར་ཉར་ཚགས་བྱས་ཡོད་ཚུལ་གྱིས་འཛིན་བཟུང་བྱས་ཏེ་ཆབ་མདོ་ཁུལ་གྱི་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་འོག་བཞག་ཡོད།
དེ་ཡང་བོད་མི་དེ་དག་གི་ཁ་པར་ནང་གི་སྐད་འཕྲིན་མཉེན་ཆས་ནང་བྲག་མགོ་ནས་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དང་འབྲེལ་བའི་བརྙན་དང་འདྲ་པར་ཉར་ཚགས་དང་། གནས་ཚུལ་དེ་དག་སོ་སོའི་སྐད་འཕྲིན་རྒྱབ་ལྗོངས་སུ་བཀོད་ཡོད་པ་སོགས་ཆབ་སྲིད་དང་འབྲེལ་བའི་པར་རིས་ཉར་ཚགས་ཡོད་ལུགས་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཡོད།
གཞན་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡་་༢ ཙམ་ལ་རྒྱ་ནག་གཞུང་གིས་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲ་ཤིས་རྡོ་རྗེ་ལགས་སུ་བྲག་མགོ་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད། །