༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Core group for Tibetan Cause) དྲ་ལམ་བརྒྱུད་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་བོད་དོན་དང་འབྲེལ་བའི་ལས་འགུལ་དང་ལས་འཆར་རྣམས་སྲ་བརྟན་དང་ཚགས་ཚུད་གཏོང་སླད་ཡིན།
དེ་ཡང་ཚོགས་འདུའི་ཐོག་མར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་འཆར་ཚན་པའི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ནང་ཁྱབ་བརྡལ་བྱུང་བ་ནས་བཟུང་རྒྱལ་སྤྱིའི་འགྱུར་ལྡོག་སྤྱི་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ། ལྷག་པར་ཉེ་ཆར་ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་གྲུབ་མཚམས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༤ ནས་བཟུང་ད་བར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ངོས་ནས་ལས་འགུལ་དང་ལས་གཞི་ཇི་བརྩམས་པ་སོགས་ཀྱི་སྐོར་གསུངས་ཡོད། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཀྱང་བོད་དོན་དང་འབྲེལ་བའི་ལས་འགུལ་དང་ལས་གཞི་ཇི་བརྩམས་པ་དང་། འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུང་གཏོང་སླད་ལས་གཞི་གཞན་གང་བརྩམ་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད།འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་དོན་ཆེད་ཧུར་ཐག་གིས་ལས་འགུལ་སྤེལ་དང་སྤེལ་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་བར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་མ་འོངས་གསར་པ་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་རང་ཉིད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམས་དང་ལྷན་མཉམ་རུབ་ཀྱིས་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་ཀྱིས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་དོན་ཆེད་དུ་རྒྱབ་སྐྱོར་དང་མཉམ་རུབ་ཀྱིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
མཐར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།