ཡོངས་ཁྱབ་གསལ་བཤད།
༄༅། །དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཡིག་ཕེབས་དགོངས་བཞིན་ཁ་སང་ཕྱི་ཚེས་ ༧ ཉིན་འདི་ནས་དགེ་བསྐུལ་གྱི་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བ་དེ་བཞིན་དམིགས་ཡུལ་ངན་འཆང་བྱེད་མཁན་རེ་ཟུང་གིས་མང་ཚོགས་མགོ་རྨོངས་གཞིའི་འགྲེལ་ལོག་དང་། བཤད་ལོག་ཅི་རིགས་ཀྱི་སྒོ་ནས་དཀྲོག་གཏམ་འདྲ་མིན་འགྲེམས་སྒྲོག་བྱས་དང་བྱེད་བཞིན་པར་གསལ་བཤད་ཞུ་རྒྱུར།
༡། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སྤེལ་དང་། མང་ཚོགས་བདེ་ཐབས་ཀྱི་ཆེད་དུ་རྒྱུན་འཕར་ཞབས་རིམ་ཁག་སྨིན་སྒྲུབ་ཞུ་རྒྱུ་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ཁོངས་སུ་ཡོད་སྟབས། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤྱི་རིམ་ཕེབས་སྒོ་རྣམས་འདི་ནས་འཕྲལ་མྱུར་ཁུངས་སོ་སོར་བཀོད་མངགས་དང་གསལ་བསྒྲགས་ཞུ་སྒོ་འཚེམས་མེད་ཞུ་བཞིན་ཡོད།
༢། རྣམ་ཀུན་ཞབས་རིམ་རྣམས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་འདི་ག་བརྒྱུད་པའམ། འབྲེལ་ཡོད་ལ་བཀོད་མངགས་སམ། ཡོངས་ཁྱབ་གསལ་བསྒྲགས་སོགས་བརྒྱུད་དགེ་བསྐུལ་མཛད་སྲོལ་ཅི་རིགས་ཡོད་པ་ཡོངས་གྲགས་ལྟར་ཡིན།
༣། ཐེངས་འདིའི་ཞབས་རིམ་གྱི་དམིགས་ཡུལ་ནི། ༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་། མང་ཚོགས་བདེ་ཐབས་ཀྱི་ཆེད་དུ་ཡིན་པ་དང་།
གཞི་འཛིན་ས་ནི། རྩིས་འབྲས་དང་བླ་ལྷའི་བཀའ་ལུང་དགོངས་དོན་ཡིན་པ།
དུས་ཚེས་ནི། བོད་ཟླ་དང་པོའི་ནང་ཚུད་ཡིན་པ་བཅས་གསལ་བསྒྲགས་སུ་གསལ་བཀོད་ཟིན་པ་ལྟར་ཡིན་པས། དེ་མིན་གྱི་འགྲེལ་ལོག་དང་། བཤད་ལོག་རྣམས་ཁུངས་ལུང་གཞི་རྩ་མེད་པའི་གཏམ་འཆལ་རང་ཡིན།
༤། གསལ་བསྒྲགས་ཀྱི་མགོར་ཛ་དྲག་ཅེས་བྲིས་པ་དེ་ཡང་སྤྱི་རིམ་སྨིན་སྒྲུབ་ཞུ་རྒྱུ་དུས་ཚོད་ཀྱིས་ཉེ་བར་གཏུགས་ཡོད་པའི་ཆ་ནས་དེ་ལྟར་བཀོད་པ་མ་གཏོགས། གནས་སྟངས་བྱེ་བྲག་པར་དམིགས་ཏེ་ཛ་དྲག་ཅེས་བཀོད་པ་ཞིག་མིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བཤད་དུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༨ ལ།།