༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་དབྱངས་མཚོ་ལགས་དང་། ལས་དྲུང་བསོད་ནམས་སྒྲོལ་མ་ལགས། ལས་དྲུང་བསྟན་འཛིན་ཚེ་དབྱངས་ལགས་བཅས་ཕྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༡༤ ཉིན་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་མཐུན་འགྱུར་རོགས་རམ་གནང་བ་ཁག་དང་། དེ་བཞིན་ས་གནས་སུ་སེམས་ཁམས་འཕྲོད་བསྟེན་དང་། མ་དང་བྱིས་པའི་འཕྲོད་བསྟེན། གཉན་ནད་རེག་དུག མྱོས་རྫས་ལོག་སྤྱོད། ཕྱི་རོལ་ལུས་སྦྱོང་ཡོ་ཆས། འཕྲོད་བསྟེན་དང་འབྲེལ་བའི་སློབ་སྦྱོང་སོགས་ད་ལྟ་དང་མ་འོངས་དགོས་མཁོའི་ལས་གཞི་སྐོར་རྟོག་ཞིབ་གནང་ཡོད།
དེ་ཡང་ཉིན་དང་པོ་ཁོང་རྣམ་པ་གསུམ་གྱིས་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་སྐལ་བཟང་སྲི་གཅོད་ལགས་ལ་ས་གནས་སུ་བཅར་དགོས་དོན་སྐོར་ངོ་སྤྲོད་གནང་གྲུབ་རྗེས་གཞིས་གྲོང་གི་རྒན་རྒོན་ཁག་གཅིག་ཞབས་སྟེགས་སྟེང་བཞུགས་སུ་བཅུགས་ནས་རླུང་གསབ་ལུས་སྦྱོང་གི་སྦྱོང་བརྡར་དང་ལུས་སྦྱོང་གནང་དགོས་པའི་གལ་གནད་སྐོར་ངོ་སྤྲོད་གནང་ཡོད། དེ་རྗེས་རྒན་རྒོན་རྣམས་ཀྱི་འཕྲོད་བསྟེན་དང་འགོ་ནད་མིན་པའི་ན་ཚའི་སྐོར་རྟོག་ཞིབ་གནང་སྐབས་རྒན་རྒོན་ཕལ་ཆེ་བར་ཟ་ཁུ་གཅིན་སྙི་དང་ཁྲག་ཤེད་མཐོ་བའི་ནད་རིགས་གཅིག་གྱུར་དུ་བྱུང་ཡོད།
དགོང་དྲོ་རྙིང་མ་དགོན་པའི་ནང་མི་གྲངས་ ༡༨ ཙམ་ལ་འཕྲོད་བསྟེན་དང་འབྲེལ་བའི་སྐོར་གོ་བསྡུར་སྦྱངས་བཤད་གནང་ཡོད། དེ་བཞིན་ལས་འཆར་ཚན་པའི་འབྲེལ་ཡོད་ལས་བྱེད་ནོར་རྒྱས་གླིང་ས་གནས་འཕྲོད་བསྟན་སྨན་ཁང་བརྒྱུད་མི་ཚང་རེར་ཕེབས་ཏེ་འཕྲོད་བསྟེན་ལས་ཁུངས་ནས་སེམས་ཁམས་འཕྲོད་བསྟེན་དང་། གཉན་ནད་རེག་དུག མྱོས་རྫས་ལོག་སྤྱོད་སོགས་ཀྱི་ཆེད་དུ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པའི་ཁེ་ཕན་ཁག་ལ་རྟོག་ཞིབ་གནང་ཡོད།ཉིན་གཉིས་པར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པས་རྒན་རྒོན་མི་གྲངས་ ༡༢ ཞབས་སྟེགས་སྟེང་བཞུགས་སུ་བཅུགས་ནས་རླུང་གསབ་ལུས་སྦྱོང་གི་སྦྱོང་བརྡར་གནང་རྗེས་ནོར་རྒྱས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་རྣམས་དང་ལྷན་ས་གནས་ཀྱི་མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་ལྟ་སྐྱོང་གནང་སྐབས་དཀའ་ངལ་དང་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད།
ཉིན་གསུམ་པར་ཁོང་རྣམ་པ་གསུམ་གྱིས་ས་གནས་ཀྱི་སྨན་ཞབས་པ་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་གོ་རྟོགས་སྤེལ་རྗེས་འཕྲོད་བསྟེན་ལས་གཞིའི་ཁོངས་སུ་ཁེ་ཕན་ཐོབ་མཁན་རྣམས་དང་ལྷན་ཐུག་འཕྲད་ཀྱིས་འཕྲོད་བསྟེན་ལས་གཞིའི་སྐོར་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཇི་ཡོད་སྐོར་བཀའ་འདྲི་གནང་ཡོད།
ནོར་རྒྱས་གླིང་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་འཕྲོད་བསྟེན་སྨན་ཁང་གི་དྲུང་ཆེ་དང་། སྨན་ཞབས་པ། འབྲེལ་ཡོད་ལས་བྱེད་སོགས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་ཉིན་གྲངས་གསུམ་རིང་གི་ས་གནས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་རྟོག་ཞིབ་ཁག་ལེགས་པར་གྲུབ་ཡོད་པ་བཅས།།