༄༅།། མཚུངས་མེད་རིས་མེད་དགོན་སྡེ་ཁག་དང་། སེར་སྐྱ་མང་ཚོགས་ཐུན་མོང་ལ།
ཆེད་ཞུ། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༥ འཁོད་བཀའ་ཡིག་ཕེབས་དོན་བཞིན། རྩིས་འབྲས་དང་བླ་ལྷའི་བཀའ་ལུང་དགོངས་དོན་༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་། བོད་འབངས་བདེ་ཐབས་སུ་དམིགས་ཏེ་བོད་ཟླ་དང་པོ་ནང་ཚུད་བོད་མིའི་སྡོད་སྒར་སོ་སོ་ནས་རྟེན་ཁྲུས་ཡུལ་ཁྲུས་དང་འབྲེལ་བསངས་གསོལ་དང་། རླུང་རྟ་དར་འཛུགས། སྲུང་མ་སྤྱིའི་འཕྲིན་བསྐུལ། རང་རང་འཁོས་དཔག་གནས་སྟངས་ལ་གཞིགས་པའི་ས་གནས་སོ་སོའི་འགོ་འཛིན་ཁྱབ་ཁོངས་ཚོགས་སྐྱིད་སྡེ་ཁག་ཐུན་མོང་ནས་སྲོག་བླུ་དང་། ངན་སློང་ལ་ཟས་སྦྱིན། བྱིས་སྟོན་ཏེ་བྱིས་པར་གསོལ་ཚིགས་གཏོང་བའམ། ཡང་ན་བརྔན་པ་ཤོག་ཆག་བགོས་འགྲེམས་གང་ཐུབ་དགོས་བསྐུལ་ཐུབ་ཚེ་སྤྱི་སྒེར་གཉིས་སྨན་ཡོང་རེ་སྙམ་པ་ཞེས་བཀའ་ལུང་ཕེབས་པ་ལྟར། དེ་ལུགས་དགོངས་དབྱིངས་སུ་བཅངས་དགོས་པའི་གསལ་བསྒྲགས་རྒྱ་གང་ཆེ་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༧ ལ།།