༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་ (Rashad Hussain) མཆོག་དང་ལས་བྱེད་སྐུ་ཞབས་ཨེ་ལེག་སི་ཧོ་གྷི་ (Alyx Hoge) ལགས་རྣམ་གཉིས་དང་མཇལ་འཕྲད་ཞུས་འདུག
དེ་ཡང་མཇལ་འཕྲད་སྐབས་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་མཆོག་དང་སྐུ་ཞབས་ཨེ་ལེག་སི་ཧོ་གྷི་ལགས་རྣམ་གཉིས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ་སོགས་ཀྱི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་ཞུས་ཡོད། གཞན་ཡང་ཁོང་གིས་ཞབས་ར་ཤིཊ་ཧུ་སེན་མཆོག་ལ་བཀའ་ཤག་གསར་པའི་ངོས་ནས་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པའི་སྐོར་གསུངས།
སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་མཆོག་གིས་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ལ་བོད་དོན་སྐོར་འགྲེལ་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་བོད་ནང་གི་ཆོས་དད་རང་དབང་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ལྷན་དུ་མཉམ་རུབ་ཀྱིས་ཕྱག་ལས་གནང་འདོད་ཡོད་པ། འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།
ཕྱི་ལོ་ ༢༠༡༩ ཟླ་༡༠ ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་ཟུར་པ་སེམ་བྷི་རོན་བྷེ་ཀི་ (Sam Brownback) མཆོག་བཞུགས་སྒར་རྡ་སར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཞུས་ཡོད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མ་འོངས་པར་ཁོང་རྣམ་པ་ཚོ་དང་ལྷན་དུ་མཉམ་རུབ་ཀྱིས་ཕྱག་ལས་གནང་རྒྱུའི་སྐོར་གསུངས་ཡོད་པ་བཅས།།