༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ ནས་ ༢༧ བར་སྦིར་སྡེ་དགེ་གཞིས་ཆགས་དང་། སྦིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས། མཚོ་པདྨ། མན་ཌི། སྤོན་ཊོ་བཀྲ་ཤིས་གླིང་གཞིས་ཆགས། འབུམ་ཐར་ཕུན་ཚོགས་རབ་བརྟན་གླིང་། ཀུ་ལུ་གཡུ་ལོ་བཀོད་བོད་མིའི་སྡོད་སྒར། རྡོ་སྦི་དཔལ་རབ་གླིང་གཞིས་ཆགས། པ་ཏི་ཀུལ། མ་ན་ལི་བཅས་ས་གནས་བཅུའི་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༧ ཉིན་བཞུགས་གནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕེབས་ཐོན། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་རྡ་ས་ནས་སྦིར་ས་གནས་སུ་ཕེབས་ཐོན་གནང་ཞིང་། ཀངྒ་ར་དང་མན་ཌི་རྫོང་གི་ས་མཚམས་རྒ་བྲག་ཏུ་ཕེབས་འབྱོར་མཚམས། སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་། སྦིར་ནང་ཆེན་ས་འཐུས་ཚོགས་གཞོན་པདྨ་དོན་གྲུབ་ལགས། སྦིར་བོད་ཚོགས་ས་གནས་འཐུས་མི་པདྨ་ལྷ་མོ་ལགས། སྦིར་བོད་ཚོགས་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས། སྦིར་ནང་ཆེན་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས། སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཚབ་ལེགས་སྒྲུབ་ལགས། སྡེ་ནང་གཉིས་ཀྱི་ཚོགས་པའི་སྐུ་ཚབ་བསོད་ནམས་ལྷ་མོ་ལགས། སྦིར་ནང་ཆེན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཀུན་དགའ་མཚོ་མོ་ལགས། སྦིར་བོད་ཚོགས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་དགེ་ལེགས་བཀྲ་ཤིས་ལགས། སྡེ་དགེ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་ཐུབ་བསྟན་ཕུན་ཚོགས་ལགས། ལི་ལི་ཚོགས་པའི་སྐུ་ཚབ་ངག་དབང་རྒྱལ་མཚན་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཤིང་། སྦིར་ས་གནས་སུ་ཕེབས་འབྱོར་རྗེས། སྤྱི་འཐུས་རྣམ་པ་གཉིས་ལྷན་འཛོམས་ཐོག་འཚམས་གཟིགས་གནང་ཕྱོགས་སྐོར་ལ་བཀའ་བསྡུར་དང་། ས་གནས་སོ་སོར་འབྲེལ་བ་གནང་དགོས་ཁག་གནང་ཡོད་འདུགཕྱི་ཚེས་ ༡༣ ཉིན་ནས་སྦིར་སྡེ་དགེ་གཞིས་ཆགས་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་གནང་ཞིང་། སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་། ས་གནས་འགོ་འཛིན་ལས་ཚབ་ལེགས་སྒྲུབ་ལགས་གཉིས་མཉམ་བཅར་ཐོག སྤྱི་འཐུས་རྣམ་པ་གཉིས་ནས་ཐོག་མར་ཅོན་ཏ་ར་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་པ་དང་། དེར་སྨན་རྩིས་ཁང་གི་འགན་འཛིན་གཙོས་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་དང་སྦྲགས། སྨན་རྒྱུ་ཉམས་ཞིབ་སྡེ་ཚན་དང་། དཔེ་མཛོད་སོགས་ལ་གཟིགས་སྐོར་གནང་རྗེས། དེ་གའི་ཚོགས་ཁང་ནང་དགེ་ལས་གྲངས་ ༣༥ ཙམ་མཉམ་འཛོམས་ཐོག་ཚོགས་འདུ་ཞིག་ཚོགས་གནང་བ་དང་། སྐབས་དེར་ཐོག་མར་སྨན་རྩིས་ཁང་གི་འགན་འཛིན་ནས་ཕེབས་བསུའི་གསུང་བཤད་དང་། དེ་ནས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། ༧མགོན་པོ་གང་གི་བཀའ་དྲིན་ངོ་ཤེས་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་ངོ་ལྐོག་རྒྱབ་མདུན་མེད་པར་ཚུལ་བཞིན་བསྒྲུབ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། སྤྱི་འཐུས་རྣམ་གཉིས་ནས་སྐབས་མཚམས་སོ་སོར་ཁོངས་སོ་སོའི་འབྲེལ་ཡོད་ལས་བྱེད་དང་། ས་གནས་འགོ་འཛིན་སོགས་ལ་ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ཐོག་གོ་བསྡུར་དང་། གནས་ཡུལ་མངའ་གཞུང་གི་ཁྲིམས་སྒྲིག་དགོངས་དོན་བཀོད་ཁྱབ་ཁག་འགལ་མེད་ཐོག་འཚམས་གཟིགས་ཀྱི་མཛད་རིམ་འགྲོ་བཞིན་ཡོད་སྐོར་བཅས་ཀྱི་གསུང་བཤད་གནང་བ་དང་། མཐར་ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཚོགས་བཅར་བས་དགོངས་ཚུལ་ཕུལ་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ནས་ལན་འདེབས་གསལ་བཤད་གནང་།དེ་ནས་རིམ་བཞིན་སྨན་ཞིང་དང་། སྨན་རྒྱུའི་མཛོད་ཁང་། སྨན་རྒྱུ་གསོག་སའི་གྲང་མཛོད་གསར་པ། སྨན་སྦྱོར་ཁང་སོགས་ལ་གཟིགས་སྐོར་དང་། ཟབ་གསང་ཆོས་འཁོར་གླིང་དགོན་པ་དང་། དཔལ་ཡུལ་ཆོས་འཁོར་གླིང་དགོན་པ་བཅས་ལ་མཆོད་མཇལ་དང་། འཚམས་གཟིགས་སུ་ཕེབས་ཤིང་། དགོན་པ་སོ་སོའི་ཕྱག་མཛོད་ནས་སྤྱི་འཐུས་རྣམ་པ་གཉིས་ལ་དགོན་པའི་འཛིན་སྐྱོང་དང་འཆད་ཉན་སྐོར་ངོ་སྤྲོད་གནང་། ཉིན་རྒྱབ་ཆུ་ཚོད་ ༣ ཐོག་སྤྱི་འཐུས་རྣམ་པ་གཉིས་ལི་ལི་གྲོང་སྡེར་འཚམས་གཟིགས་ཕེབས་སྐབས། ཚོགས་པའི་ཚོགས་གཙོ་ཀུན་དགའ་ལགས་དང་། རྒྱུན་ལས་རྣམ་པས་གཙོས་མི་མང་ནས་ཕེབས་བསུ་དང་བཅས། ཚོགས་ཁང་དུ་མི་མང་འདུ་འཛོམས་ཀྱིས་ཐོག་མར་ས་འཐུས་ཚོགས་གཙོས་ངོ་སྤྲོད་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། མཐར་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་འདུ་གྲོལ་གནང་འདུགཕྱི་ཚེས་ ༡༤ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་རྫོང་སར་བཤད་གྲྭ་རིགས་གསུམ་སྤྲུལ་པའི་ལྷ་ཁང་བཤད་སྒྲུབ་དར་རྒྱས་གླིང་དུ་མཆོད་མཇལ་དང་། འཚམས་གཟིགས་སུ་ཕེབས་གནང་བ་དང་། དེ་ནས་བཤད་གྲྭའི་མདུན་ཐང་དུ་དགེ་འདུན་པ་རྣམས་ཚང་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། གྲྭ་མང་ནས་དགོངས་ཚུལ་དང་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། དེ་གའི་དྲུང་ཡིག་གིས་ལས་ཁུངས་སུ་སྣེ་ལེན་དང་ཆབས་ཅིག སྤྱི་འཐུས་རྣམ་གཉིས་ལ་བཤད་གྲྭའི་འཛིན་སྐྱོང་གནང་ཕྱོགས་སོགས་ངོ་སྤྲོད་གནང་། སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་འཚམས་གཟིགས་དང་མཆོད་མཇལ་དུ་ཕེབས་སྐབས། དེ་གའི་ཕྱག་མཛོད་སོགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་རྗེས། གསར་དུ་བཞེངས་པའི་ཚོགས་ཁང་དུ་མཁན་པོ་ལས་ཐོག་ཐུབ་བསྟན་ཀརྨ་མཆོག་དབུ་བཞུགས་དང་། དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཙམ་འདུ་འཛོམས་གནང་བའི་ཐོག ས་འཐུས་ཚོགས་གཙོས་ངོ་སྤྲོད་གསུང་བཤད་དང་། སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད། སྐབས་དེར་མཁན་པོ་མཆོག་གིས་སྤྱི་འཐུས་རྣམ་གཉིས་ནས་དཀའ་ངལ་འཛེམས་མེད་ཐོག་ས་གནས་སུ་ཕེབས་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་སྟེ་ཚོགས་འདུ་གྲོལ། དེ་ནས་མཁན་པོ་དང་ཕྱག་མཛོད་སོགས་ཀྱིས་སྣེ་ཁྲིད་འོག དགོན་པར་མཆོད་མཇལ་དང་། དགོན་པའི་སྡེ་ཚན་ཁག་གི་ལས་ཁུངས་སོགས་ལ་གཟིགས་སྐོར་གནང་།ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་སྦིར་སྡེ་དགེ་དཔལ་ལྡན་ལྷུན་གྲུབ་ཚོགས་ཁང་དུ་སྡེ་དགེ་ཁྱབ་ཁོངས་མི་མང་རྣམས་འདུ་འཛོམས་ཐོག ས་འཐུས་ཚོགས་གཙོས་ངོ་སྤྲོད་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་རྫོང་སར་བཤད་གྲྭ་དང་། དཔལ་སྤུངས་ཤེས་རབ་གླིང་། དཔལ་ཡུལ་ཆོས་འཁོར་གླིང་། ཟབ་གསང་ཆོས་འཁོར་གླིང་། དེ་བཞིན་བོད་ཁམས་བཟོ་གཞིས་ཚོགས་པ་དང་། ས་གནས་འཐུས་ཚོགས། ས་འགོ་ལས་ཁུངས། སྨན་རྩིས་ཁང་། བོད་ཁྱིམ་སློབ་གྲྭ། རིག་གཞུང་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ལི་ལི་ཚོགས་པ་བཅས་ཀྱི་ཚོགས་གཙོ་དང་འགན་འཛིན། དེ་བཞིན་འཐུས་མི་རྣམ་པ་བཅས་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་བཞུགས་མོལ་ཚོགས་འདུ་ནི་གཙོ་བོ་ས་གནས་མི་མང་གི་དགོངས་ཚུལ་དང་། དཀལ་སེལ་ཇི་དགོས་གསུང་སའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། སྤྱི་འཐུས་རྣམ་པ་གཉིས་ངོས་ནས་དུས་ཚོད་མང་པོ་བཞེས་མི་དགོས་པའི་ཐོག་ནས་ཚོགས་བཅར་བ་ཚོས་དགོངས་ཚུལ་གསུང་དགོས་པའི་ལམ་སྟོན་གནང་བ་ལྟར། ཚོགས་མི་རྣམ་པས་རིམ་པས་དགོངས་ཚུལ་དང་དྲི་བ། དཀའ་སེལ་ཇི་དགོས་སྐོར་གྱི་བཀའ་མོལ་ལྷུག་པོ་གནང་འདུག་པ་དང་། ལན་འདེབས་གསལ་བཤད་དགོས་རིགས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་གསལ་བཤད་མཐིལ་ཕྱིན་གནང་རྗེས། སྦིར་སྡེ་དགེ་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།ཕྱི་ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྦིར་ནང་ཆེན་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས་དང་། ས་འཐུས་ཚོགས་གཞོན་པདྨ་དོན་གྲུབ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཀུན་དགའ་མཚོ་མོ་ལགས་བཅས་མཉམ་བཅར་ཐོག སྤྱི་འཐུས་རྣམ་པ་གཉིས་ནས་སྦིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་འཚམས་གཟིགས་གནང་འགོ་འཛུགས་ཤིང་། སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་འགོའི་ལས་ཁུངས་མདུན་ཐང་དུ་མི་མང་འདུ་འཛོམས་གནང་བའི་ཐོག ས་གནས་འགོ་འཛིན་ནས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་འབྲེལ་ཕེབས་བསུའི་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད། མཐར་ས་འཐུས་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་རྗེས་ཚོགས་འདུ་གྲོལ་བ་དང་། དེ་ནས་དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དགོན་པ་དང་། མཆོག་གླིང་དགོན་པ་བཅས་ལ་མཆོད་མཇལ་དང་འཚམས་གཟིགས། དེ་བཞིན་ས་གནས་རྒས་གསོ་ཁང་དང་། འཕྲོད་བསྟེན་སྨན་ཁང་། བུ་བཅོལ་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུགཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ་དང་། སྦིར་ནང་ཆེན་ས་འཐུས་ཚོགས་གཞོན། སྦིར་ནང་ཆེན་ས་གནས་འགོ་འཛིན། སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཚབ། སྦིར་ནང་ཆེན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ལི་ལི་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་སྦིར་གཞིས་ཆགས་ནས་སྤྱི་ལེ་ལྔ་ཙམ་སར་ཕེབས་སྐྱེལ་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་མཚོ་པདྨར་ཕེབས་ཐོན་གྱིས་ཉིན་གུང་ཆུ་ཚོད་ ༡ པོ་ཙམ་ལ་གནས་ཆེན་མཚོ་པདྨར་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་དང་། ལས་དྲུང་བསོད་ནམས་ལགས། རྩིས་པ་སངས་རྒྱས་སྐྱབས་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ས་གནས་འགོ་འཛིན་དང་། ལས་དྲུང་། རྩིས་པ་བཅས་མཉམ་བཅར་ཐོག་སློབ་དཔོན་བཀའ་དྲིན་ཅན་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་བྱིན་ཆེན་དབུ་རྩེ་རི་ཁྲོད་ལ་གནས་གཟིགས་སུ་ཕེབས་ཤིང་། རི་ཁྲོད་ལ་འབྱོར་མ་ཐག་བཙུན་མ་རྣམས་ཀྱིས་ཕེབས་བསུ་དང་འབྲེལ་ཚོགས་འདུ་ཞིག་ཚོོགས་ཤིང་། ས་གནས་འགོ་འཛིན་ནས་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། ཚོགས་བཅར་བ་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཚོགས་འདུ་གྲོལ་བ་དང་། དེ་ནས་གུ་རུའི་སྒྲུབ་ཕུག་དང་། གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེ་སོགས་ལ་མཆོད་མཇལ་ཞུས་གནང་འདུགཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཚོ་པདྨའི་མང་ཚོགས་འདུ་འཛོམས་ཐོག ས་གནས་འགོ་འཛིན་ནས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། འཛི་སྒར་ཨོ་རྒྱན་ཆོས་འཁོར་གླིང་དང་། རྙིང་མ་དགོན་པ། འབྲི་གུང་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པ་བཅས་ལ་མཆོད་མཇལ་དང་། ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་མན་ཌིའི་ཕྱོགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། མན་ཌིའི་ས་འཐུས་ནས་ཕེབས་བསུ་དང་འབྲེལ་ས་གནས་བོད་མིའི་དཀའ་ངལ་རྣམས་སྙན་སེང་ཞུས་པ་དང་། དེ་ནས་ས་གནས་བོད་མིའི་ཁྲོམ་སར་གཟིགས་སྐོར་གནང་།
ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་ཟ་ཧོར་རྒྱལ་ཁང་རྙིང་པའི་གསོལ་མགྲོན་ཁང་ (Raj Mahal Hotel) དུ་མན་ཌི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཝི་རན་དྷར་ བྷ་ཏ་ (Shri. Virender Bhatt, Deputy Mayor of Mandi Municipal Corporation) ལགས་དང་། མན་ཌིའི་ཁྱབ་ཁོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཝི་ཤལ་ ཋ་ཀུར་ (Mr. Vishal Thakur, Vice President, ITFA Mandi) ལགས་དང་། ཚོགས་པའི་དྲུང་ཆེ་སྐུ་ཞབས་ཌེ་ནི་ཤི་ ཀུ་མར་ (Mr. Dinesh Kumar, Secretary, ITFA Mandi) ལགས། ཚོགས་མི་སྐུ་ཞབས་ན་ཀུལ་ ཀ་པུར་ (Mr. Nakul Kapoor, Member, ITFA Mandi) ལགས་བཅས་དང་ལྷན་འཛོམས་གནང་ཞིང་།སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་ཁོང་རྣམས་ལ་འཚམས་འདྲིའི་མཇལ་དར་དང་། དེ་ནས་མན་ཌིའི་ཁྱབ་ཁོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཝི་ཤལ་ ཋ་ཀུར་ལགས་ཀྱིས་སྤྱི་འཐུས་རྣམ་གཉིས་ལ་དགའ་བསུའི་མེ་ཏོག་དང་ཕྱག་རྟགས་ཕུལ་གནང་རྗེས། ཧིན་བོད་མཛའ་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་སོགས་ཀྱི་ཐོག་བཀའ་བསྡུར་གནང་འདུག སྐབས་དེར་ས་གནས་དང་། མངའ་གཞུང་གི་གསར་འགྱུར་སྡེ་ཚན་པན་ཇབ་ཀེ་ས་རི་ (Punjab kesari) དང་། ཨ་མར་ཨུ་ཇ་ལ། (Amar Ujala) ཨེཇ་པི་ ༢༤*༧ (HP 24×7 News) ཁ་བྷར་ན་མ་ (Khabar Nama) བཅས་ཆེད་དུ་ཐེངས་འདིའི་ལྷན་ཚོགས་ཀྱི་གནས་ཚུལ་བསྡུ་ལེན་ཆེད་སླེབས་ཡོད་པ་ལྟར། གནས་ཚུལ་བརྙན་ལེན་སོགས་གནང་སྟེ་ཚོགས་འདུ་གྲོལ་རྗེས། སྤྱི་འཐུས་འཇུ་ཆེན་དཀོན་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པ་རྣམ་པའི་བཅའ་འདྲིར་ལན་འདེབས་གནང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་སྤོན་ཊོ་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་།ཕྱི་ཚེས་ ༢༠ ཉིན་གྱི་སྔོ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་འཐུས་རྣམ་པས་ས་གནས་ལས་ཁུངས་དང་། མ་ཎི་ལྷ་ཁང་། ས་འཐུས་ཚོགས་ཁང་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༤ ཙམ་ལ་རྡོ་སྦིར་ཕེབས་འབྱོར་མཚམས། ས་གནས་འགོ་འཛིན་ཐུབ་བསྟན་ཆོས་འཕེལ་ལགས་དང་། ས་འཐུས་ཚོགས་གཞོན་བསྟན་འཛིན་མངོན་དགའ་ལགས་ཀྱིས་གཙོས་ས་འཐུས་ཁག་ཅིག ས་གནས་རང་བདེན་ཚོགས་ཆུང་གི་དངུལ་གཉེར་བསྟན་འཛིན་ཁྲིམས་ལྡན་ལགས། ལས་དྲུང་ལྷ་མོ་ལགས། རྩིས་པ་དབྱངས་ཅན་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཞོན། རང་ཚོགས་དངུལ་གཉེར། ལས་དྲུང་། རྩིས་པ། བརྒྱ་དཔོན་བཅས་མཉམ་བཅར་ཐོག སྤྱི་འཐུས་རྣམ་པ་གཉིས་ནས་མ་ན་ལི་དང་། བདེ་སྐྱིད་གླིང་བོད་མིའི་གཞིས་སྒར། དཔལ་ལྡན་འོན་མངའ་རིས་གྲྭ་ཚང་། ས་སྐྱ་ཨེ་ཝམ་བཤད་སྒྲུབ་ཆོས་འཁོར་གླིང་བཤད་གྲྭ། སམ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭ། མེ་ལེ་ ༡༥ བོད་མིའི་སྡོད་སྒར་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་པ་ཏི་ཀུལ་བོད་ཁྱིམ་སློབ་གྲྭ་དང་། པ་ཏི་ཀུལ་བོད་མིའི་སྡོད་སྒར་བཅས་ལ་གཟིགས་སྐོར་ཕེབས་གནང་འདུགཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་ཁྱིམ་ཚོགས་ཁང་དུ་ཀུ་ལུ་རྫོང་ཁོངས་མང་ཚོགས་འདུ་འཛོམས་ཐོག ས་གནས་འགོ་འཛིན་ནས་ཕེབས་བསུའི་གསུང་བཤད་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད། མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ས་འཐུས་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་བ་དང་། ཉིན་རྒྱབ་སྤང་སྒང་རི་ཁྲོད་ལ་མཆོད་མཇལ་དུ་ཕེབས་སྐབས། དེ་གའི་དགོན་པའི་གྲྭ་མང་ནས་ལག་ཏུ་མཇལ་དར་བསྣམས་ནས་སེར་བང་བསྒྲིགས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་རྗེས། དགོན་པའི་གཙུག་ལག་ཁང་དང་། སློབ་གྲྭ། སྐུ་གདུང་མཆོད་རྟེན་སོགས་ལ་མཆོད་མཇལ་ཞུས་གནང་འདུག
ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་རྡོ་སྦི་དཔལ་རབ་གླིང་གཞིས་སྒར་ལ་གཟིགས་སྐོར་དང་། མི་མང་ལ་གསུང་བཤད་གནང་། ཉིན་གུང་ཀུ་ལུ་ཕྱོགས་སུ་ཕེབས་ཐོན་གྱིས་ཀུ་ལུ་གཡུ་ལོ་བཀོད་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་མཚམས། བརྒྱ་དཔོན་སོགས་ཀྱིས་ཕེབས་བསུ་ཞུས་རྗེས། ས་གནས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་སྙན་སེང་དང་། བདེ་སྡུག་དཀའ་སེལ་ཇི་དགོས་སྐོར་ལ་གོ་བསྡུར་གནང་། དེ་རྗེས་ས་གནས་ཀྱི་དགོན་པ་དང་། སློབ་གྲྭ། ལས་ཁུངས། སྡོད་ཁང་ཁག་ཅིག་བཅས་ལ་གཟིགས་སྐོར་ཕེབས་གནང་འདུགཕྱི་ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་འབུམ་ཐར་ཕུན་ཚོགས་རབ་བརྟན་གླིང་གཞིས་སྒར་གསར་པའི་ཕྱོགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། བརྒྱ་དཔོན་སོགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་རྗེས། ལས་ཁུངས་སུ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཞོན་དང་ཚོགས་མི། རང་ཚོགས་འཐུས་མི། ཨར་པོ་བོགས་ལེན་པ་དང་ཨར་ལས་པ། ལས་དྲུང་། རྩིས་པ། གསར་འབྱོར་སྐྱིད་སྡུག་གི་ཚོགས་གཙོ། དྲུང་ཆེ་སོགས་འགོ་ལས་ཁག་ཅིག་བཅས་མི་གྲངས་བཅུ་དགུ་ཙམ་མཉམ་འཛོམས་ཀྱིས་གཞིས་སྤོས་དང་། སྡོད་ཁང་བཟོ་བཅོས་ལས་གཞིའི་སྐོར་ལ་གྲོས་བསྡུར་གནང་བ་དང་། དེ་རྗེས་བཟོ་བཅོས་ཀྱི་ལས་གཞི་ A ནས་ E བར་དང་། ཚོགས་ཁང་ཐབ་ཚང་སོགས་ལ་གཟིགས་སྐོར་ཕེབས་གནང་རྗེས། ཐེངས་འདིའི་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༠ དང་། ཚོགས་འདུ་ཐེངས་ ༢ བཅས་ཚོགས་གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ལམ་འགོར་བཅས་ཁྱོན་ཉིན་གྲངས་ ༡༧ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་མ་ན་ལི་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་མ་ན་ལི་ནས་བཞུགས་གནས་སྦིར་ལ་ཕེབས་འབྱོར་བྱུང་བ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྔ་དྲོ་ལྡི་ལིར་ཕེབས་འབྱོར་གནང་རྗེས། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་ཧོབ་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༧ ཉིན་བཞུགས་གནས་མོན་གྷོར་འདོད་རྒུ་གླིང་དུ་ཕེབས་འབྱོར་གནང་ཡོད་པ་བཅས། །