༄༅། །ཕ་རཱན་སིའི་ལྷོ་ནུབ་ཁུལ་དུ་ཆགས་པའི་སཱ་ལེས་སུར་གྷ་རོན་ནེ་ (Salles-sur-Garonne) ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇེན་ལོ་ཡི་སི་ (Jean-Louis Halioua) ལགས་ཀྱིས་མགྲོན་འབོད་གནང་བ་ལྟར་ཕྱི་ལོ་ ༢༠༢༢ ཟླ་བ་ ༢ ཚེས་ ༥ ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་དྲ་ལམ་བརྒྱུད་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་བོད་པའི་གྲོང་གསེབ་འཛུགས་སྐྲུན་ལས་འགུལ་རྒྱ་སྐྱེད་སྐོར་གྱི་བགྲོ་གླེང་ལ་མཉམ་ཞུགས་གནང་ཡོད།
བོད་པའི་གྲོང་གསེབ་འཛུགས་སྐྲུན་ལས་འགུལ་འདི་ནི་ཐོག་མར་སྐུ་ཞབས་ཇེན་ལོ་ཡི་སི་ལགས་དང་ཕ་རཱན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་ཟུང་འབྲེལ་ཐོག་འགོ་བརྩམས་ཤིང་། ལས་འགུལ་དེར་ཕ་རཱན་སིའི་གྲོས་ཚོགས་འཐུས་མི་གྲངས་ ༡༨༩ དང་གྲོས་ཚོགས་གོང་མའི་འཐུས་གྲངས་ ༦༧ ནས་རྒྱབ་སྐྱོར་གནང་ཡོད། ལས་འགུལ་དེའི་དགོས་དམིགས་གཙོ་བོ་ནི། བོད་མིའི་རིག་གཞུང་དང་ངོ་བོ་མི་ཉམས་རྒྱུན་འཛིན་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་དོ་སྣང་ཡོང་སླད་ཡིན། ཕྱི་ལོ་ ༢༠༡༠ ལོར་ཕ་རཱན་སིའི་སཱ་ལེས་སུར་གྷ་རོན་ནེ་གྲོང་སྡེ་ནི་བོད་པའི་ལྷ་རྩེ་ཞེས་པའི་གྲོང་གསེབ་དང་པོ་དེ་ཆགས་ཡོད།ཚོགས་འདུའི་སྐབས་སྐུ་ཞབས་ཇེན་ལོ་ཡི་སི་ལགས་ཀྱིས་ལས་འགུལ་དེའི་སྐོར་འགྲེལ་བཤད་ཞིབ་རྒྱས་དང་། ལས་འགུལ་དེ་དང་འབྲེལ་བའི་ཡིག་ཆ་ཁག་གི་སྐོར་ཚོགས་བཅར་བ་ཡོངས་ལ་གསུངས་ཡོད། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་དེར་དགའ་བསུ་གནང་བ་མ་ཟད། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་ལས་གཞི་དེར་རྒྱབ་སྐྱོར་གྱི་ཚུལ་དུ་ལས་འགུལ་དེ་དང་འབྲེལ་བའི་པར་རིས་ལྡན་པའི་དེབ་ཆུང་ཞིག་པར་སྐྲུན་ཞུ་རྒྱུ་ཡིན་པའི་སྐོར་དང་། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གིས་ལོ་རྟག་པར་གསུམ་བཅུ་དུས་དྲན་སྔོན་གྲོང་སྡེ་ཁག་ལ་བོད་ཀྱི་རྒྱལ་དར་འགྲེམས་སྤེལ་གནང་གི་ཡོད་པ་སོགས་ཀྱི་སྐོར་གསུངས།
ཕ་རཱན་སི་ལྷག་དཀར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨོ་རྒྱན་པུ་པ་ (Orgyenbubpa) ལགས་དང་ཕ་རཱན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་སྐུ་ཞབས་ཇེན་ལོ་ཡི་སི་ལགས་ཀྱིས་ལས་འགུལ་སྤེལ་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད། རྡོ་རྗེ་རྣལ་འབྱོར་མའི་ཆོས་ཚོགས་ཀྱི་དགེ་བཤེས་བློ་ལྡན་ལགས་ཀྱིས་སྐུ་ཞབས་ཇེན་ལོ་ཡི་སི་ལགས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ཚོགས་བཅར་བ་ཡོངས་ནས་ལས་འགུལ་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད། ཕ་རཱན་སིའི་བོད་རིགས་ཚོགས་པའི་དྲུང་ཆེ་དབྱངས་སྐྱིད་ལགས་དང་རྡོ་རྗེ་རྣལ་འབྱོར་མའི་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ཧྥི་རན་ཁོ་ཡི་སི་ (François Lecointre) ལགས་སོགས་དྲ་ལམ་གྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་བཅས།།