༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༩ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibbat Sahyog Manch) ངོས་ནས་གཟའ་འཁོར་རེའི་བོད་དོན་གླེང་མོལ་ཞེས་དྲ་ཐོག་གི་ལས་རིམ་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཕགས་བོད་འབྲེལ་མཐུད་ཚོགས་པས་དེ་ལྟ་བུའི་ལས་རིམ་དབུ་འབྱེད་གནང་བར་དགའ་བསུའི་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དྲ་ལམ་བརྒྱུད་གཟའ་འཁོར་རེའི་བོད་དོན་གླེང་མོལ་ཞེས་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུས་གནང་ཡོད།
སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཕགས་བོད་འབྲེལ་མཐུད་ཚོགས་པ་ནི། བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གྲས་ནས་གཅིག་ཡིན་ཞིང་། ཕྱི་ལོ་ ༡༩༩༩ ལོར་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་བརྙེས་པ་ནས་བཟུང་ད་བར་འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་རྒྱ་གར་ནང་བོད་དོན་སླད་གླེང་སློང་དང་ཞི་བའི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། ཅེས་དང་། དེ་རིང་འཕགས་བོད་འབྲེལ་མཐུད་ཚོགས་པས་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་སླད་གཟའ་འཁོར་རེའི་བོད་དོན་གླེང་མོལ་ཞེས་དྲ་ཐོག་གི་ལས་རིམ་ཞིག་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། ལས་རིམ་དེ་ནི་དུས་ཐོག་ཆར་འབབ་ལྟ་བུ་བྱུང་ཡོད་པ་མ་ཟད། ལས་རིམ་དེ་བརྒྱུད་འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་དང་དྲག་གནོན་བྱས་དང་བྱེད་བཞིན་པ་རྣམས་ཐེར་འདོན་གནང་རྒྱུ་མཚོན་པའི་རྒྱ་ཆེའི་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་ཧ་ཅང་དགོས་མཁོ་ཅན་ཆགས་ཡོད་ལ། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཡོང་བར་གནོན་ཤུགས་སྤྲོད་དགོས་པ་ཡང་ཆགས་ཡོད། ངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཡོངས་ནས་ལོ་མང་རིང་བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་ལས་རིམ་འདི་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། འཕགས་བོད་གཉིས་རྣམ་པར་རྒྱལ་གྱུར་ཅིག་ཅེས་གསུངས།
གཟའ་འཁོར་རེའི་བོད་དོན་གླེང་མོལ་ཞེས་དྲ་ཐོག་གི་ལས་རིམ་འདིའི་དགོས་པ་དམིགས་ཡུལ་གཙོ་བོ་ནི། བོད་ལ་རང་དབང་ཐོབ་ཐབས་སུ་རྒྱ་ཆེ་མང་ཚོགས་ལ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་བཅས།།