༄༅། །འདི་གར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༢ ཚེས་ ༤ ཉིན་ནིའུ་ཛི་ལེནྜ་གྲོང་ཁྱེར་ཨོག་ལན་ཌའི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་རྒྱ་གྲོགས་པོའི་ཚོགས་པ་དང་། བོད་ཀྱི་གྲོགས་པོ་ཚོགས་པ་བཅས་མི་མང་ལྔ་བཅུ་ལྷག་མཉམ་ཞུགས་ཐོག་འདི་ལོའི་རྒྱ་ནག་དགུན་ཁའི་ཨོ་ལེམ་པིག་ཟླ་འདིའི་ཚེས་ ༤ ཉིན་རྩེད་གཏན་ཁེལ་བར་ངོ་རྒོལ་གྱི་ལས་འགུལ་ཞིག་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་སྤེལ་ཏེ་བོད་དང་ཡུ་གུར། སོག་པོ། ཧོང་ཀོང་སོགས་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་མེད་པས་འདི་ལོའི་ཨོ་ལེམ་པིག་རྒྱ་ནག་ལ་རྩེད་ཀྱིན་ཡོད་པ་དེར་མོས་མཐུན་མེད་པ་མ་ཟད་བོད་དང་ཡུ་གུར་སོགས་ལ་རང་དབང་དགོས་པའི་ཞི་བའི་ངོ་རྒོལ་ཆུ་ཚོད་གཅིག་ལྷག་སྤེལ་ཡོད།
དེ་ཡང་དེ་ཉིན་དེ་སྔ་ནིའུ་ཛི་ལེནྜའི་ཤིན་པའོ་ཚགས་པར་གྱི་རྩོམ་སྒྲིག་པ་དང་། དེང་སྐབས་པེ་ཅིང་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཁྲིན་ཝུས་ཅན་གྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་བཅས།།