༄༅། །སུད་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་དབུ་འབྱེད་མཛད་སྒོ་ཉིན་མོར་སུད་སིར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་གིས་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་སྤྱིའི་ཁང་པའི་མཐུན་ཚོགས་ (International House of Associations) ཞེས་པ་རུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་གནང་བའི་གློག་བརྙན་འཇིགས་བྲལ་ཞེས་པ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) མཆོག་དང་། སུད་སི་གྲོས་ཚོགས་འཐུས་མི་དང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀར་ལོ་སོམ་མ་རུ་ག་ (Mr. Carlo Sommaruga) མཆོག ཡུ་རོབ་དང་ལྷོ་ཨཕ་རི་ཀ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་ཐུབ་བསྟན་དབང་ཆེན་ལགས། དོན་གྲུབ་དབང་ཆེན་ལགས། དེ་བཞིན་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་དང་སྐལ་ལྡན་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།དོན་གྲུབ་དབང་ཆེན་ལགས་ནི། འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་ལ་ཉེ་སྐབས། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་བསྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩེད་འགྲན་ཚོགས་ལ་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བྱེས་ཀྱི་བོད་མི་ཚོར་དད་པ་དམ་ཚིག་ག་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་བྱས་པར། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
གཞུང་དང་གཞུང་ཁོངས་མིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ནས་དོན་གྲུབ་དབང་ཆེན་ལགས་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་རབ་དང་རིམ་པ་གནང་བར་བརྟེན་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་ཐོབ་ནས་མདོ་སྨད་བ་ཡན་རྫོང་དུ་ཡོད་པའི་རང་ཁྱིམ་དུ་འབྱོར། རང་ཁྱིམ་དུ་འབྱོར་ཡོད་ཀྱང་ལོ་གསུམ་རིང་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༤ བར་ཆབ་སྲིད་ཀྱི་ཐོབ་ཐང་རྩ་བ་ནས་མེད་པར་གནས། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ནང་བོད་ནས་ཨ་རི་ལ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། རིམ་པས་ཨ་རིའི་གཞུང་གིས་ཁོང་ལ་སྐྱབས་བཅོལ་བའི་ཐོབ་ཐང་གནང་ཡོད།
ཕྱི་ལོ་ ༢༠༡༢ ལོར་ཨ་རིར་རྟེན་གཞི་བྱས་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་དོན་གྲུབ་དབང་ཆེན་ལགས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་རྒྱལ་སྤྱིའི་གསར་འགྱུར་རང་དབང་གཟེངས་རྟགས་ (International Press Freedom Award) ཞེས་གནང་བ་མཚོན་པའི་དོན་གྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་གཟེངས་རྟགས་མང་དག་ཅིག་ཐོབ་ཡོད།
གཞན་ཡང་ཉེ་ཆར་ནོར་ཝེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་སི་མུ་སི་ཧན་སན་ (Rasmus Hansson) ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ཁོངས་སུ་མཚན་འདོན་གནང་ཡོད་པ་བཅས།།