༄༅། །ཉེ་ཆར་ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ་དང་། བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་བཅས་ལ་ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། ངོ་རྒོལ་གྱི་བསྒྲགས་གཏམ་དེ་རྒྱ་ནག་གཞུང་ཚབ་ཁང་ལའང་སྤྲད་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ ཉིན་ཉི་ཧོང་དགེ་འདུན་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་བའི་ནང་འཁོད་དོན། ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་དགོན་སྡེ་ཁག་ཏུ་དྲག་གནོན་བྱས་སྟབས། ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་ཐུགས་འཚབ་ཀྱིས་ངོ་རྒོལ་གནང་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱིས་ཉི་ཧོང་གི་དགེ་འདུན་ལྷན་ཚོགས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་དང་།
དུས་རབས་མང་པོའི་རིང་བོད་བརྒྱུད་ནང་བསྟན་ནི་བོད་ནང་བོད་མིའི་ཆོས་དང་། རིག་གཞུང་། སྤྱི་ཚོགས་བཅས་ཀྱི་གྲུབ་ཆ་གཙོ་བོ་ཆགས་ཡོད་པ། ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་གཏོར་བཤིག་བཏང་བ་མ་ཟད། བོད་མི་འཛིན་བཟུང་དང་དྲག་གནོན་བྱས་པ་མཚོན་པའི་བོད་ཀྱི་ས་ཁུལ་གཞན་ཁག་ཏུའང་དེ་ལྟར་དྲག་གནོན་བྱེད་བཞིན་པ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ་སོགས་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་ཡིན་པ་གསུངས་འདུག
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་འཕྲིན་ནང་ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་དུས་ཐོག་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་ཚོགས་སྡེ་དང་། ལྷག་པར་ནང་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཐོག་དྲག་གནོན་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པའི་སྐོར་གསུངས་ཡོད་པ་འཁོད་འདུག
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་ལུས་བོད་མི་ཡོངས་དང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱི་ཚབ་གནང་སྟེ་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག་པ་བཅས།།