༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་འབྱོར་ལས་ཁུངས་གྲངས་ཐོ་ཚན་པ་ནས་རུ་སོག་དང་། ཐའེ་ཝན། སྦར་སིལ། ཨོསྟྲེ་ལི་ཡཱ། ཨིན་ཡུལ། སུད་སི། ཉི་ཧོང་། ཕ་རཱན་སི་སྐུ་ཚབ་དོན་གཅོད་ལས་ཁུངས་བཅས་ཀྱི་ནང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཕྱག་ལས་གནང་མཁན་ལས་བྱེད་དང་། དེ་བཞིན་སྐུ་ཚབ་དོན་གཅོད་སོ་སོའི་ཁྱབ་ཁོངས་ས་གནས་ནང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཁྱོན་མི་གྲངས་དྲུག་ཅུ་ལྷག་ཙམ་ལ་དྲ་ཐོག་བརྒྱུད་ཟབ་སྦྱོང་ཕུལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༠༢ ནས་ ༠༣།༣༠ བར་དཔལ་ལྡན་བཀའ་ཤག་སྐབས་ ༡༦ པས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། བཟོ་བཅོས་སམ་ནོར་བཅོས། མིང་བསྒྱུར། བོར་བརླག ལག་དེབ་འཕར་མ་བཅས་བཟོ་བཅོས་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་བསྐྱར་བཅོས་གཏན་འབེབས་གནང་བའི་རྩ་འཛིན་ལམ་སྟོན་དང་འགེངས་ཤོག་ཁག་རེ་རེ་བཞིན་འགྲེལ་བཤད་དང་འགེངས་ཕྱོགས་སྐོར་དྲ་ཐོག་བརྒྱུད་ཟབ་འཁྲིད་ཕུལ་བར་དཀའ་ངལ་དུ་མ་སེལ་ཐུབ་པ་བྱུང་ཡོད།
དེའི་རྗེས་ཆུ་ཚོད་ ༠༣།༣༠ ནས་ ༠༦།༡༥ ཙམ་བར་དྲི་བ་དྲིས་ལན་དང་དོགས་སེལ་གྱི་གོ་སྐབས་ཕུལ་བར་ཟབ་འཁྲིད་ནང་མཉམ་ཞུགས་གནང་མཁན་ཆོས་དོ་སྣང་ཆེན་པོའི་ངང་ཆ་ཤས་བླངས་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས། །