༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ ཙམ་ལ་རྒྱ་ནག་གི་བཙོན་འོག་ནས་ནད་པར་ཆགས་ནས་བཙོན་གྲོལ་བཏང་པའི་བྲག་འགོ་དགོན་པའི་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་སུ། བཙོན་ཁང་ནས་མནར་གཅོད་ཤུགས་ཆེར་བཏང་བས་ད་ལྟའི་ཆར་ཁོང་གི་རྐང་པ་གཉིས་ཀ་ཞ་ནས་མུ་མཐུད་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ཁོང་གི་བཙོན་རོགས་དགོན་པའི་རྩིས་པ་དགྲ་ལྷ་དང་མཁན་པོ་བསྟན་དགའ་གཉིས་ལ་བཅར་བརྡུང་བྱས་རྐྱེན་གཟུགས་གཞི་བདེ་ཐང་མེད་པ་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་སྟབས། སྨན་བཅོས་དུས་ཐོག་བྱེད་མི་ཐུབ་པ་དང་དགེ་འདུན་པ་དེ་དག་གི་འཚོ་བ་དང་སྨན་བཅོས་འགྲོ་གྲོན་ལའང་དཀའ་ངལ་འཕྲད་བཞིན་ཡོད།
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་རྒྱ་ནག་གཞུང་གིས་བཙོན་གྲོལ་གཏོང་སྐབས་ཁོང་ལ་ཆ་རྐྱེན་བཅུ་བཏོན་པའི་ནང་དུ་གཙོ་བོ་བྲག་འགོ་དགོན་པའི་ནང་དུ་སྡོད་མི་ཆོག་པ་དང་། ས་གནས་གཞན་ལ་འགྲོ་དུས་དང་འདུག་དུས་ངེས་པར་ཉེན་རྟོག་པར་ཞུ་དགོས་པ། མི་མང་འདུ་འཛོམས་ནང་ཞུགས་མི་ཆོག་པ། ལག་འཁྱེར་ཁ་པར་ཉར་མི་ཆོག་པ། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཅི་བཏང་གི་གནས་ཚུལ་ཕྱི་ཕྱོགས་ཀྱི་བོད་མིར་བཤད་མི་ཆོག་པ། ས་གནས་སྨན་ཁང་ལ་བསྟེན་དུས་ཀྱང་ཉེན་རྟོག་པར་ཆོག་མཆན་ལེན་དགོས་པ་སོགས་ཁོང་གི་འགྲོ་འདུག་ལ་རང་དབང་རྩ་བ་ཉིད་ནས་མེད་པ་མ་ཟད། བཙོན་རོགས་རྩིས་པ་དགྲ་ལྷ་མིག་མི་མཐོང་བ་ཆགས་ཤིང་། མཁན་པོ་བསྟན་དགའི་མགོ་ལ་རྨས་སྐྱོན་བཟོས་པའི་རྐྱེན་གྱིས་མི་གོ་བ་དང་། གཉིད་མི་ཁུག་པ་སོགས་གཟུགས་གཞིའི་གནས་སྟངས་བདེ་བོ་མེད་པ་ཆགས་ཡོད།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་ཏེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་གྱི་ཚེས་གཅིག་ཉིན་བྲག་འགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་དང་འབྲེལ་ཁོང་དང་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ་བཅས་ལ་ཞི་རྒོལ་དོན་རྐྱེན་གྱི་སྣེ་ཁྲིད་པའི་ཉེས་མིང་གཡོག་ནས་འཛིན་བཟུང་བྱས་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་བྲག་འགོ་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་བྱེད་སྐབས་མི་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ནས་ཡོན་ཏན་སོགས་བོད་མི་ཁག་གཅིག་དམར་གསོད་བཏང་བ་མ་ཟད། མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། རྗེས་སུ་ཞི་རྒོལ་གྱི་ཉེས་པ་གཡོག་པའི་དགེ་བཤེས་ཚེ་དབང་རྣམ་རྒྱལ་དང་རྩིས་པ་དགྲ་ལྷ་བཅས་ལ་ལོ་༦ རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་པ་སོགས་ཁྱོན་ལོ་དེར་བྲག་འགོ་རྫོང་ཁོངས་སུ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག་བོད་མི་ ༣༦ ཙམ་ལ་ཁྲིམས་ཐག་བཅད་ཡོད། འདི་ལོར་བསྐྱར་དུ་ཡུལ་དེའི་ནང་སྟོན་པའི་སྐུ་བརྙན་དང་བྱམས་མགོན་སྐུ་བརྙན་གཏོར་བཤིག་སོགས་དང་འབྲེལ་ཡུལ་མི་མང་པོ་གང་བྱུང་འཛིན་བཟུང་བཀག་ཉར་དང་བཅར་བརྡུང་གཏོང་བ་སོགས་གནས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༡༩༧༠ ལོར་བྲག་འགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་ཨིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ཕྱི་ལོ་ ༡༩༩༤ ལོར་རྡ་སའི་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག། ཕྱི་ལོ་ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་འགོ་དགོན་པའི་སློབ་དགེའི་ཐུགས་འགན་བཞེས་ཡོད་འདུག །