༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ཟླ་ ༢ ཚེས་ ༡ ཉིན་ནི་ཐའེ་ཝན་དུ་དུས་ཆེན་ཆེ་ཤོས་ལོ་གསར་ཚེས་གཅིག་ལ་འཁེལ་ཡོད་ཅིང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་དུ་དོན་ཁང་གི་ལྟ་གྲུབ་དགེ་རྒན་འཇམ་དཔལ་ཆོས་འཛིན་ལགས་དབུ་བཞུགས་ཐོག་རྒྱ་སྐད་ཀྱི་ལམ་ནས་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་དང་། དེ་དུས་སྐུ་ཚབ་དོན་གཅོད་ལགས་དང་། སོག་པོ་རྒྱལ་ཁབ་ཀྱི་གཞུང་ཚབ་གཞོན་པ། གཞན་ཡང་དོན་ཁང་གི་སློབ་མ་སུམ་ཅུ་ཙམ་འཛོམས་ཏེ་ཆུ་ཚོད་གཉིས་ཙམ་རིང་གི་སྨོན་ལམ་གྲུབ་མཚམས་ཉིན་གུང་ཞལ་ལག་དང་བསྟུན་སྤྱི་ཡོངས་ཆོས་དང་རིག་གཞུང་ཐའེ་ཝན་དུ་ཁྱབ་སྤེལ་བྱ་ཕྱོགས་སོགས་སྐོར་བཀའ་མོལ་ལྷུག་པོ་ཞུས།ཕྱི་ཟླ་ ༢ ཚེས་ ༥ ལོ་གསར་ཚེས་ ༥ ཉིན་ཐའེ་ཝན་དབྱེ་ལན་རྫོང་དུ་ཐའེ་ཝན་གྱི་ཚོང་བདག་ཆེ་མོ་སྐུ་ཞབས་ལི་ཀྲའོ་ཀྲིན་ལགས་ནས་གཉེར་བའི་ཝུ་ཡོན་སེམས་ཁམས་རིག་གཞུང་བསྟི་གནས་ཁང་ཞེས་བོད་བརྒྱུད་ནང་བསྟན་གྱི་མ་ཎི་འཁོར་ལོ་དང་། བསྐོར་ལམ། ཐང་རིས་སོགས་ཡོད་པའི་སྐྱིད་ཚལ་དུ་གདན་འདྲེན་གནང་བ་ལྟར། ཐའེ་ཝན་གྱི་གྲགས་ཅན་སྒྱུ་རྩལ་བ་ཐའེ་ཝན་འཇིམ་བརྙན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝང་ཤུ་ཆི་ལགས་དང་། རི་མོ་བ་གྲགས་ཅན་ཀྲང་ཏཱ་ཆན་ལགས་ཀྱི་རྒྱུན་འཛིན་དངོས་སློབ་དབྱང་ཨེ་ཕུ། གཞན་ཡང་གྲངས་ཅན་རྒྱུ་རྩལ་བ་དང་། ཚོང་གཉེར་བ། དམིགས་བསལ་དྭགས་པོ་ཞབས་དྲུང་རིན་པོ་ཆེ་སོགས་ཀྱང་ས་གནས་དེར་རླུང་རྟ་སྒྲེང་འཛུགས་དང་བསང་གསོལ་དུ་ཕེབས་ཡོད་པ་སོགས་ལ་ཐུགས་འཕྲད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གང་ཅིའི་ཐད་བགྲོ་གླེང་དང་ངོ་སྤྲོད་ལེགས་པོ་བྱུང་ཡོད་པ་དང་། སྦྱིན་བདག་ཁོང་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཞིག་ཁོང་གི་སྐྱེད་ཚལ་ལྡུམ་རྭར་བཞུགས་ཐུབ་ན་བཞུགས་གནས་སོགས་ཀྱི་མཐུན་རྐྱེན་ཆ་ཚང་འབུལ་རྒྱུའི་རེ་བའང་བཏོན་བྱུང་།ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ ཉིན་ཐའེ་ཝན་ཞི་བདེ་ཡུན་བརྟན་མཐུན་ཚོགས་ནས་ཐའེ་ཝན་ཏང་ཅན་མཐོ་སློབ་ཀྱི་ཉི་ཧོང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཚོའེ་ཤེ་ཏུང་ལགས་དང་། ཐའེ་ཝན་གཞུང་གཉེར་དགེ་ཐོན་སློབ་གྲྭའི་གྲགས་ཅན་ཆབ་སྲིད་དབྱེ་ཞིབ་པ་སློབ་དཔོན་ཕང་ཧྲི་ཕིང་ལགས། ཐའེ་ཝན་རྒྱལ་བྱུས་བསམ་མཛོད་ཀྱི་གྲོས་འདྲི་བ་འབུམ་རམས་པ་ལེའུ་ཡུས་ཧྲི་སོགས་གདན་འདྲེན་ཞུས་ཏེ་དེང་དུས་ཆབ་སྲིད་བགྲོ་གླེང་ཞིག་གོ་སྒྲིག་གནང་བར་སྐུ་ཚབ་དོན་གཅོད་ཀྱང་གདན་འདྲེན་ཞུས་པ་ལྟར། ཚོགས་འདུར་བཅར་ཏེ་སྤྱི་ཡོངས་བོད་ཀྱི་གནས་ཚུལ་དང་། དམིགས་བསལ་ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་ ༢༠༢༠ སྐོར་འགྲེལ་བཤད་དང་དྲི་བར་ལན་འདེབས་སོགས་བགྲོ་གླེང་ལྷུག་པོ་བྱུང་ཡོད།ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༥ ཉིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཟུར་པ་ཕྱི་སྲིད་མཁས་དབང་ཏྲུའུ་ཀྲོག་ཧྲིན་ལགས་དང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སུད་སིའི་གཞུང་ཚབ་ཟུར་པ་ཀོག་རོལ་ཧྲིན་ལགས། ཉི་ཧོང་གི་གྲགས་ཅན་གསར་འགོད་པ་དང་ཆབ་སྲིད་དཔྱད་གླེང་པ་ཧྲི་པང་མིང་ཕུ་སོགས་མཉམ་ཞུགས་གནང་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་སྐུ་ཚབ་དོན་གཅོད་མཆོག་བཅར་ཏེ་བོད་དོན་སྐོར་གཏམ་བཤད་དང་བགྲོ་གླེང་ཞུས། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༢ ཉིན་སྐུ་ཚབ་དོན་གཅོད་ལགས་དང་དྲུང་ཆེ་གཉིས་ཐའེ་ཝན་ཞི་བདེ་ཡུན་བརྟན་མཐུན་ཚོགས་དུ་བཅར་ཏེ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ཧང་ཆན་མིང་མཆོག་དང་། ཉམས་ཞིབ་པ་སོགས་མཉམ་དུ་མ་འོངས་ཐུན་མོང་ཐོག་ལས་འགུལ་སྤེལ་ཕྱོགས་ལ་བགྲོ་གླེང་དང། མཐུན་ཚོགས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཆེད་ཨ་སྒོར་ཆིག་ཁྲིའི་ཞལ་འདེབས་ཕུལ་རྒྱུའི་ཐག་གཅོད་ཀྱང་གནང་།ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༡ ཉིན་ཐའེ་ཝན་རིག་གཞུང་ལྷན་ཁང་ནས་ལྕང་སྐྱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གི་དྲན་རྟེན་ཁང་དབུ་འབྱེད་མཛད་སྒོར་གདན་འདྲེན་གནང་བ་ལྟར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ཆེད་བཅར་གྱིས་ཐའེ་ཝན་རིག་གཞུང་བློན་ཆེན་དང་བློན་ཆེན་གཞོན་པ། བློན་ཆེན་ཟུར་པ། གྲོས་ཚོགས་འཐུས་མི་ཁག་ཅིག སོག་པོའི་གཞུང་ཚབ་གཞོན་པ། གཞན་ཡང་ཐའེ་སྡོད་བོད་རིགས་ཚོགས་པ་དང་སོག་པོ་ཚོགས་པའི་ཚོགས་གཙོ་བཅས་ལྷན་དུ་སྤྱི་ཡོངས་ལྕང་སྐྱ་རིན་པོ་ཆེའི་གནས་ཚུལ་སྐོར་ལོ་རྒྱུས་དང་འབྲེལ་བའི་བཀའ་མོལ་གང་འཚམས་བྱུང་བ་དང་། མ་འོངས་པར་ཐའེ་ཝན་རིག་གཞུང་ལྷན་ཁང་ནས་བོད་ཀྱི་རིག་གཞུང་དུས་སྟོན་གོ་སྒྲིག་བྱེད་ཕྱོགས་སྐོར་འདི་ག་དོན་ཁང་དང་འབྲེལ་བ་མང་ཙམ་གནང་སྟེ་དུས་སྟོན་ཚད་དང་ལྡན་པ་གནང་ཐུབ་པའི་རེ་བསྐུལ་ཞུ་རྒྱུ་བྱུང་།ཐའེ་ཝན་རིག་གཞུང་ལྷན་ཁང་ནས་ ༢༠༢༡ ལོའི་བོད་ཀྱི་དུས་སྟོན་ ༼བོད་ཀྱི་རོལ་དབྱངས་ཀྱི་མཁའ་ལམ།༽ ཞེས་པ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་ཐའེ་ཝན་གྱི་རྒྱལ་ཡབ་དྲན་རྟེན་ཁང་དུ་འཚོགས་པར་མཛད་སྒོའི་སྐུ་མགྲོན་དུ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་བཅར་བ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རིག་གཞུང་དུས་སྟོན་གྱི་ཆ་ཤས་སུ་རྡུལ་སྣོད་འཇིན་རྟེན། རྡུལ་མཚོན་དཀྱིལ་འཁོར་གྱི་སྒྱུ་རྩལ་འགྲེམ་སྟོན་མཛད་སྒོ་ལའང་འདི་ག་སྐུ་ཚབ་དོན་གཅོད་དང་། དྲུང་ཆེ། ལྟ་གྲུབ་དགེ་རྒན་བཅས་ཆེད་བཅར་གྱིས་ཐའེ་ཝན་རིག་གཞུང་ཁང་གི་བློན་ཆེན་རྒས་གཞོན་མཉམ་དུ་མ་འོངས་བོད་ཀྱི་དུས་སྟོན་འཐུས་སྒོ་ཇེ་ལེགས་སུ་གཏོང་ཐབས་སྐོར་ཆེད་དུ་ཐུག་འཕྲད་བཀའ་བསྡུར་ཡོང་བའི་གླེང་མོལ་དང་འབྲེལ་ལས་འཆར་ཡང་བསྒྲིགས།ཕྱི་ཟླ་ ༡ ཚེས་ ༡༣ ཉིན་གུང་ཚོུད་ ༡།༣༠ ཐོག་ཐའེ་ཝན་ཡེ་ཤུའི་ཆོས་ཚོགས་ཇི་ནན་ཆོས་ཚོགས་སུ་ཆོས་དཔོན་ཧུན་ཁྲོན་ཧྲན་དང་། ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་སེམས་འཁུར་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་གྲགས་ཅན་གསར་འགོད་པ་སྐུ་ཞབས་ཡང་ཤན་ཧུང་ལགས་དང་ཐུག་འཕྲད་ཀྱིས་ཁོང་ཚོའི་འཆར་གཞིར་ ༢༠༢༢ ཟླ་ ༥ ཟླ་མཇུག་ཏུ་ཐའེ་ཝན་དུ་རྒྱལ་སྤྱིའི་ཆོས་ལུགས་རང་མོས་གླེང་སྟེགས་ཀྱི་ཚོགས་འདུ་བསྐོང་འཆར་དང་། དེ་དུས་༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུའི་མགྲོན་ཤོག་ཨ་རིའི་ཆོས་ལུགས་དད་པ་རང་དབང་ལྷན་ཚོགས་ཀྱི་ཚོགས་ཟུར་མཆོག་ནས་ཨ་རིར་རྟེན་གཞི་བྱས་པའི་ཐའེ་ཝན་གཞུང་ཚབ་བརྒྱུད་ཕུལ་ཟིན་ལུགས་ཀྱི་གནས་ཚུལ་གསུངས་པར་རྒྱུས་ལོན་དང་། དེ་དོན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་སྐོར་ལའང་བཀའ་མོ་གང་མང་ཞུས། དེ་མཚུངས་ཉིན་རྒྱབ་ཚོུད་ ༣།༠༠ ཐོག་ཐའེ་ཝན་གཞུང་འབྲེལ་བསམ་མཛོད་ཡོན་ཅིང་ཐེབས་རྩ་ཁག་དུ་བཅར་ཏེ། ཐེབས་རྩ་ཁང་གི་འགན་འཛིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ད་ལྟའི་ལག་བསྟར་འགན་འཛིན་འབུམ་རམས་པ་ལའེ་དབྱེ་ཀྲུང་། གཞན་ཡང་ཉམས་ཞིབ་པ་ཁག་ཅིག་དང་མ་འོངས་པར་ཐུན་མོང་ཐོག་བགྲོ་གླེང་ཚོགས་འདུ་སོགས་བསྐོང་ཐབས་དང་ཕན་ཚུན་གདན་འདྲེན་ཞུ་ཕྱོགས་སོགས་སྐོར་བཀའ་བསྡུར་ལྷུག་པོ་ཞུས།ཐའེ་ཝན་དགེ་ཐོན་མཐོ་སློབ་ཆེ་མོ་ནས་ཇི་ལྟར་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༦ ཉིན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ནས་མཐོ་སློབ་འཛིན་རིམ་དང་པོའི་སློབ་ཕྲུག་ ༦༠ ལྷག་ལ་བོད་མཐོ་སྒང་གི་ས་ཁམས་ཁོར་ཡུག་དང་རིག་གཞུང་གོམས་གཤིས་ཞེས་པའི་བརྗོད་གཞིའི་ཐོག་བོད་ཅེས་པའི་ཐ་སྙད་བྱུང་ཚུལ་ནས་དེང་སང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་དུམ་བུ་བཅད་གཏུབ་ཀྱི་དབང་བསྒྱུར་བྱས་སྟངས། བོད་ཀྱི་གཙང་པོ་དང་ཁོར་ཡུག་གནས་སྟངས་ཀྱི་འཛམ་གླིང་ལ་ཕན་ནུས་དང་ཤུགས་རྐྱེན་ཇི་ཐེབས། རྒྱ་དམར་གྱི་གཏོར་བཤིག་བཏང་བའི་མཇུག་འབྲས་སོགས་ཆུ་ཚོད་གཅིག་ལྷག་ངོ་སྤྲོད་དང་ཆུ་ཚོད་ཕྱེད་ཙམ་རིང་དྲི་བ་དྲིས་ལན་བྱས་པ་སོགས་ཕན་འབྲས་གང་ལེགས་བྱུང་ཡོད་པ་བཅས།།