༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ སྔ་དྲོ། ཐའེ་ཝན་རིག་གཞུང་ལྷན་ཁང་བོད་སོག་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་གསར་རྙིང་དང་། འབྲེལ་ཡོད་ལས་བྱེད་བཅས་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་དུ་འཚམས་འདྲི་ཞུ་བར་ཕེབས་ཡོད།
དེ་ཡང་ཐོག་མར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འགན་འཛིན་གསར་རྙིང་དང་ལས་བྱེད་རྣམ་པར་འཚམས་འདྲི་གནང་རྗེས་གཙོ་བོ་གསུང་དོན། ལོ་རྒྱུས་ཐོག་བྱུང་བའི་བོད་སོག་ལས་ཁུངས་དངོས་སུ་སྒོ་བརྒྱབ་ཟིན་ནས། ལས་བྱེད་རྣམས་ཐའེ་ཝན་རིག་གཞུང་ལྷན་ཁང་དང་། ཕྱི་འབྲེལ་ལས་ཁུངས། རྒྱ་ནག་སྐམ་ས་ལས་དོན་ལྷན་ཁང་སོགས་སུ་ཟླ་སྒྲིལ་བཏང་རྗེས། རིག་གཞུང་ལྷན་ཁང་འོག་བོད་སོག་རིག་གཞུང་བསྟི་གནས་ཁང་བཙུགས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་དོན་ཐོག་ཕན་ཚུན་འབྲེལ་བ་དམ་ཟབ་བྱུང་ཡོད་པ་རེད། འོན་ཀྱང་བོད་པ་མི་ཉུང་བ་ཞིག་གི་སེམས་ཁམས་སུ་ད་དུང་ཡང་བློ་དྭོགས་ཡོད་པས་འདིའི་ཐད་ང་ཚོས་གསལ་བཤད་ཞུ་མུས་ཡིན་ལ། ལས་དོན་བྱེད་ཕྱོགས་དང་ཕན་ཚུན་འབྲེལ་བ་བཟོ་ཕྱོགས་དང་འབྲེལ་རིམ་པས་དོགས་པ་མེད་པར་བཟོ་དགོས་རྒྱུ་ཤིན་ཏུ་གལ་ཆེ། རྩ་བའི་རིག་གཞུང་ལྷན་ཁང་གི་བློན་ཆེན་སྔོན་མའི་སྐབས་ཐག་གཅོད་བྱུང་བ་ཞིག་ནི་བཞུགས་སྒར་དུ་ཆགས་པའི་བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་སྨན་རྩིས་ཁང་ལོ་བསྟར་ཆགས་ཐའེ་ཝན་ནང་གདན་ཞུས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་ཀྱི་ལས་འཆར་ཡོད་ཀྱང་། ནད་ཡམས་ཀྱིས་རྐྱེན་པས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དངོས་རྫས་གང་མང་ཉོ་སྒྲུབ་ཞུས་པ་ལས་གཞན་རྣམས་དངོས་སུ་ལག་བསྟར་ཞུ་ཐུབ་མེད།ནད་ཡམས་ཞི་བའི་སྐབས་ལས་འཆར་དེ་དག་མུ་མཐུད་ལག་བསྟར་ཡོང་ཐབས་དང་། གཞན་ཡང་ཐའེ་ཝན་ནང་བོད་ཀྱི་རིག་གཞུང་དུས་སྟོན་དང་། གློག་བརྙན་དུས་སྟོན་སོགས་ཀྱི་ལས་འགུལ་སྤེལ་ཡོད་པས། མུ་མཐུད་ལས་འགུལ་དེ་རིགས་གང་མང་སྤེལ་ཐབས་ཡོང་བ། ལྷག་པར་ལས་འགུལ་དེ་རིགས་དོན་གཅོད་ལས་ཁུངས་དང་མཉམ་རུབ་ཀྱིས་ཕན་ཚུན་གྱི་ཐོན་ཁུངས་མཉམ་སྤྱོད་ཐོག་སྤེལ་ཐུབ་ན་དོན་དང་ལྡན་པ་ཆགས་ངེས་ལ། དོན་གཅོད་ལས་ཁུངས་ནས་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན། གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་རིགས་ལ་བོད་ཆས་སྤྲས་ནས་བོད་ཀྱི་རིག་གཞུང་དེ་བཞིན་ཀྲུང་ཧྭ་རིག་གཞུང་ལ་བསྒྱུར་ཐབས་བྱེད་བཞིན་པ་ལྟར་འགྱུར་ན་ཤུགས་རྐྱེན་ལྡོག་ཕྱོགས་ཐོན་སྲིད་པས་དེ་ཚོའི་རིགས་ལ་ཐུགས་གཟབ་གནང་རོགས་སོགས་གསུངས།འགན་འཛིན་ལས་རོགས་ཟུར་པ་སྐུ་ཞབས་ཇན་ཏཱ་ཡོན་ལགས་ཀྱིས་གསུང་དོན། བོད་སོག་ལས་ཁུངས་སྒོ་བརྒྱབ་རྗེས་སྐབས་དེའི་རིག་གཞུང་བློན་ཆེན་མཆོག་གིས་རིག་གཞུང་ལྷན་ཁང་གི་སྐུ་ཚབ་མིང་ཐོག་ནས་བཞུགས་སྒར་དུ་ཕྱི་གསལ་ནང་གསལ་ངང་འཚམས་གཟིགས་ལ་བཅར་བ་ཡིན། བཞུགས་སྒར་དུ་མ་འགྲོ་གོང་དོན་གཅོད་ལས་ཁུངས་སུ་བཅར་ནས་བཞུགས་སྒར་དུ་བཅར་རྒྱུའི་དམིགས་ཡུལ་དང་། ལས་རིམ་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཡིན་པས། དེའི་ཐོག་དོན་གཅོད་ལས་ཁུངས་ནས་ཤུགས་ཆེའི་རྒྱབ་སྐྱོར་གནང་སྟེ་བཞུགས་སྒར་གྱི་འཚམས་གཟིགས་ལེགས་གྲུབ་བྱུང་སོང་། བཞུགས་སྒར་དུ་བཅར་སྐབས་འབྲེལ་ཡོད་ཕྱི་འབྲེལ་ལས་ཁུངས་ནས་གཞུང་འབྲེལ་སྣེ་ལེན་དང་། ལྷག་པར་སྐབས་དེའི་སྲིད་སྐྱོང་མཆོག་གིས་མཇལ་འཕྲད་གནང་བ་མ་ཟད། བོད་སོག་ལས་ཁུངས་ཀྱི་སྐོར་སོགས་ལ་བཀའ་འདྲི་གནང་བར་ང་རང་གིས་ཕྱི་གསལ་ནང་གསལ་གྱི་འགྲེལ་བཤད་གསལ་པོ་ཞུས་པ་ཡིན། བཙན་བྱོལ་ནང་བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་བདག་ཉར་ཧ་ཅང་གིས་ཡག་པོ་གནང་འདུག་པས་སེམས་འགུལ་ཐེབས་དགོས་པ་ཞིག་འདུག ཚུར་ཐའེ་ཝན་ནང་ལོག་རྗེས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་གདལ་གྱི་ལས་དོན་ཐོག་འབད་བརྩོན་ལྷོད་མེད་ཞུས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ་ནད་ཡམས་ཀྱིས་རྐྱེན་པས་འཆར་གཞི་ལྟར་འགྲོ་ཐུབ་མ་སོང་སོགས་གསུངས།འགན་འཛིན་གསར་པ་ལྕམ་ཀའོ་གཡུས་ཀྲན་ལགས་ཀྱིས་གསུང་དོན། ང་རང་ལས་གནས་ཐོག་གསར་དུ་ཞུགས་མ་ཐག་ཡིན་པས་རྒྱུས་ལོན་སོགས་བྱ་རྒྱུར་དུས་ཚོད་ངེས་ཅན་ཞིག་དགོས་པ་དང་། མ་འོངས་པར་ཐའེ་ཝན་ནང་སྔོན་མའི་ལས་འཆར་ཁག་མཇུག་སྐྱོང་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་མ་ཟད། ཐའེ་ཝན་ནང་བོད་ཀྱི་རིག་གཞུང་དུས་སྟོན་སོགས་སྤེལ་རྒྱུར་འདོད་བློ་ཡོད་ལ། དོན་གཅོད་ལས་ཁུངས་ལ་འབྲེལ་བ་ཞུས་ནས་མཉམ་རུབ་ཐོག་ལས་དོན་ལེགས་གྲུབ་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན་གནས་སོགས་གསུངས།
དེ་མིན་ཕན་ཚུན་ཕྱོགས་གཉིས་དབར་མ་འོངས་འབྲེལ་ལམ་ཡག་ཏུ་གཏོང་ཆེད་ཐའེ་ཝན་དུ་ཡོད་པའི་བོད་མི་ཚོའི་དཀའ་སེལ་ཐབས་ལམ་དང་། རིག་གཞུང་ཉམས་མྱོང་སྤེལ་རེས། ཐའེ་ཝན་གཞུང་ཕྱོགས་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་གཏོང་བར་རྒྱབ་སྐྱོར་ཡོང་ཐབས་སོགས་ལས་དོན་གང་མང་ཐོག་བགྲོ་གླེང་ཞུས་པ་མ་ཟད། དོན་ཁང་གི་ནང་ཆོས་འཛིན་གྲྭ་ལའང་ལྟ་སྐོར་དང་འབྲེལ་ཐེངས་འདིའི་ཐུག་འཕྲད་དེ་བཞིན་གང་ལེགས་བྱུང་ཡོད།གཞན་ཡང་། ཕྱི་ལོ་ ༢༠༢༢ ལོ་ཤར་བ་དང་འབྲེལ་སྐུ་ཚབ་དོན་གཅོད་དང་། དྲུང་ཆེ་གཉིས་ཆེད་དུ་ཐའེ་ཝན་གཞུང་དང་། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཞུ་བར་བཅར་ཏེ་བོད་དོན་ཞུ་གཏུག་གི་ལས་གཞི་ཞིག་སྤེལ་འགོ་བཙུགས། དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Freddy) ལགས་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་འདི་ལོ་གསུམ་བཅུའི་དུས་དྲན་སྔ་རྗེས་སུ་གྲོས་ཚོགས་ཚོགས་པའི་སྐབས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམ་པའི་གསོལ་ལྕོགས་ཐོག་བོད་ཀྱི་རྒྱལ་དར་ཆུང་ཆུང་རེ་བཞག་ཐབས་དང་འབྲེལ་བོད་དོན་གླེང་སློང་དང་། རབ་ཏུ་བྱུང་ན་རྒྱ་ནག་གིས་བོད་ཀྱིས་གཙོས་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་ཐབས་དང་། གཞན་ཡང་ཐའེ་ཝན་གྲོས་ཚོགས་དང་བོད་མིའི་སྒྲིག་འཛུགས་བར་ཕན་ཚུན་འབྲེལ་བ་མང་དུ་གཏོང་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་ཞུས།ཕྱི་ཟླ་ ༡ ཚེས་ ༡༧ ཉིན་ཐའེ་ཝན་སྲིད་འཛིན་ཕོ་བྲང་གི་མགྲིན་ཚབ་པ་ལྕམ་ (Kolas Yotaka) ལགས་མཇལ་འཕྲད་དང་། དེ་བཞིན་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ཐའེ་ཝན་སྲིད་བློན་གཞོན་པ་ཟུར་པ་དང་ད་ཆ་ཐའེ་ཝན་དང་ཉི་ཧོང་འབྲེལ་བ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆིའུ་དབྱི་རན་ལགས། གཞན་ཡང་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ལིའུ་ཧྲི་ཕང་ལགས་སོགས་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུས་པ་མ་ཟད། དོན་གཅོད་ལས་ཁུངས་ནས་ཐའེ་ཝན་ནང་བོད་པའི་སློབ་ཕྲུག་དང་། ཆོས་སྤེལ་མཁན་སོགས་ཀྱི་མཐོང་མཆན་སྐོར་འབྲེལ་ཡོད་དཔོན་རིགས་དང་། གྲོས་ཚོགས་འཐུས་མི་སོགས་ལ་དཀའ་ངལ་ཞུས་དོན་བཞིན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་སྲིད་བློན་ལས་ཁུངས་ཀྱི་གནས་རིམ་གསུམ་པའི་གོ་གནས་ཡོད་པའི་སྐུ་ཞབས་ལོའོ་བྷིན་ཁྲིན་ལགས་ཀྱིས་འབྲེལ་ཡོད་བློན་ཆེན་ལས་ཁུངས་ཁག་བདུན་གྱི་མཐོ་རིམ་དཔོན་རིགས་མཉམ་འཛོམས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་ཟིན་པ་དང་། ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་ནས་ལོ་ཉི་ཤུ་ལྷག་རིང་བོད་མི་ཡིག་ཆ་ (IC) བསྣམས་ཏེ་མཐོང་མཆན་ཞུ་ཕྱོགས་སྐོར་ཡིག་ཆ་ཕྱོགས་སྒྲིག་གིས་ཞིབ་ཕྲ་ཡིག་ངག་གཉིས་ཐོག་འགྲེལ་བརྗོད་ཞུས་ཟིན་པས། ལས་དོན་མུ་མཐུད་མཇུག་སྐྱོང་ཡོང་རྒྱུར་སྐུལ་འདེད་གནང་སྐྱོང་ཡོང་བ་སོགས་ཞུས།གོང་ཞུས་དཔོན་རིགས་ཚོ་དང་མཇལ་མོལ་སྐབས་ཁོང་རྣམ་པས་དེ་སྔ་བོད་སོག་ལས་ཁུངས་སྒོ་བརྒྱབ་རྒྱུར་ཕྱག་ལས་མང་པོ་གནང་བ་ལྟར། ད་ཆ་བོད་སོག་ལས་ཁུངས་གྲོས་ཚོགས་ཀྱི་ཁྲིམས་ཐོག་ནས་ཁུ་བསྡུ་ཟིན་པས། ཕྱོགས་ཚང་མས་འབད་བརྩོན་གནང་བ་བརྒྱུད་གྲུབ་འབྲས་ཐོན་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གངས་ལྗོངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་ཞུས་པའི་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་མིན་པའི་གལ་ཆེའི་དཔེ་དེབ་ཁག་གཅིག་ཕྱག་རྟགས་སུ་ཕུལ།
དེ་མིན་ཕྱི་ཟླ་ ༡ ཚེས་ ༢༧ དགོང་དྲོ། ཐའེ་ཝན་དུ་བཅའ་སྡོད་རྒྱ་གར་གཞུང་ཚབ་ནས་གོ་སྒྲིག་གནང་བའི་རྒྱ་