༄༅། །ཉེ་ཆར་ཉི་ཧོང་གི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་པ་དེར་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ ཉིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེ་ཞུའི་ཚོགས་འདུ་ཚོགས་ཡོད།
དེ་ཡང་ཚོགས་འདུའི་ཐོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་ (Save Tibet Network Japan) ཚོགས་གཙོ་སྐུ་ཞབས་མཱ་ཀི་ནོ་སེ་ཤུ་ (Makino Seishu) ལགས་ཀྱིས་ཉི་ཧོང་གི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་ཆོད་བཞག་པར་དགའ་བསུ་ཞུས་པ་དང་འབྲེལ་ཉི་ཧོང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་དང་། རྒྱ་ནག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དེ་ངོས་འཛིན་གནང་བ་ལེགས་པོ་བྱུང་ཡོད་པའི་སྐོར་གསུངས།གཞན་ཡང་ཁོང་གིས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཁྱུར་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་ཀྱིས་ད་བར་བློས་བཏང་གིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་དང་། གསར་དུ་བསྐོ་བཞག་གནང་བའི་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ (Ishikawa Akimasa) ལགས་ལ་ཕེབས་བསུའི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྐུ་ཞབས་མཱ་ཀི་ནོ་སེ་ཤུ་ལགས་ཀྱིས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཚོགས་འདུར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་ཀྱིས་ཉི་ཧོང་གི་གྲོས་ཚོགས་ནས་བཞག་གནང་བའི་གྲོས་ཆོད་དེའི་རྒྱབ་ལྗོངས་སྐོར་འགྲེལ་བརྗོད་གནང་ཡོད། སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ལགས་ཀྱིས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པ་དང་ལྷན་དུ་བོད་དོན་སྐོར་མཉམ་རུབ་ཀྱིས་ཕྱག་ལས་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པའི་སྐོར་དང་། ཉེ་ཆར་ཉི་ཧོང་གྲོས་ཚོགས་ནས་བཞག་གནང་བའི་གྲོས་ཆོད་དེས་འབྱུང་འགྱུར་ཉི་ཧོང་གྲོས་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་ཤུགས་ཆེ་གཞག་ཐུབ་པའི་ལམ་ཁ་བཟོས་ཡོད་པ་སོགས་ཀྱི་སྐོར་གསུངས།ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནས་བོད་དོན་སྐོར་གྲོས་ཆོད་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། སྐུ་ཞབས་མཱ་ཀི་ནོ་སེ་ཤུ་ལགས། སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས། སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་ཀྱིས་བོད་དོན་ཆེད་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ནང་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྐོར་འགྲེལ་བརྗོད་བྱ་རྒྱུའི་གོ་སྐབས་བྱུང་བའི་སྐོར་དང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཁྱུར་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་རྒྱབ་སྐྱོར་གནང་སྟབས། ཉེ་ཆར་ཉི་ཧོང་གྲོས་ཚོགས་ནས་བོད་དོན་ཆེད་དུ་གྲོས་ཆོད་བཞག་གནང་ཡོད་པ། དེ་བཞིན་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱིས་ཉེ་ཆར་ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) ལགས་ཀྱིས་དབུ་ཁྲིད་འོག་ཉི་ཧོང་གི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ཉིན་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ལགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་ཕུལ་ཏེ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་སླད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གྲོས་ཆོད་དེས་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ལུང་པ་གཞན་གྱི་ནང་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་འགྲེལ་བཤད་བྱས་ཡོད། ཅེས་དང་། གྲོས་ཆོད་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་མུ་མཐུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་དེ་བཀག་འགོག་བྱེད་ཐུབ་པའི་རེ་བ་ཡོད། ཅེས་གསུངས།ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་སོ་སོའི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཆེད་དུ་རྒྱབ་སྐྱོར་གྱིས་གྲོས་ཆོད་བཞག་གནང་བར་རྗེས་སུ་ཡི་རང་གི་ཕྱག་བྲིས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་སོགས་ཀྱི་སྐོར་གསུངས། དྲུང་འཕར་བློ་བཟང་ཆོས་གྲགས་ལགས་ཀྱིས་ཉི་ཧོང་སྐད་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་གསུང་སྒྱུར་ཞུས་པ་དང་། ཉི་ཧོང་སྐད་དུ་བདུན་རེའི་བོད་དོན་གསར་འགྱུར་སྙན་སྒྲོན་པ་ལེགས་འཕེལ་ལེགས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི་གསུང་སྒྱུར་ཞུས་ཡོད་པ་བཅས།།