༄༅། །ཉེ་ཆར་ཉི་ཧོང་གི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༧ ཉིན་གྱི་ཉིན་རྒྱབ་ཉི་ཧོང་གི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཡོད། གསར་དུ་བསྐོ་བཞག་གནང་བའི་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་ཉི་ཧོང་གི་གུ་ཡངས་མང་གཙོ་ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ (Ishikawa Akimasa) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
སྐབས་དེར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) ལགས་ཀྱིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པར་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་མི་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཞི་དཱ་ (Fumio Kishida) མཆོག་གིས་དབུ་ཁྲིད་པའི་ཉི་ཧོང་གཞུང་གིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་དཀའ་ངལ་སེལ་ཐབས་གནང་དགོས། ཞེས་དང་། གྲོས་ཆོད་དེས་འཛམ་གླིང་གིས་རྒྱ་ནག་ལ་བལྟས་ནས་བསྡད་ཡོད་པས་རྒྱ་ནག་གཞུང་གིས་མུ་མཐུད་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མི་ཐུབ་པའི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད། ཅེས་གསུངས།གཞན་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཤོག་གྲངས་གཉིས་ཅན་གྱི་སྙན་ཐོ་ཞིག་ཕུལ་ཡོད་པ་དང་། སྙན་ཐོ་དེའི་ནང་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་སྟབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་བརྒྱད་ཁྲི་ལྷག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ། ཉེ་ཆར་ཁམས་བྲག་འགོ་ནས་རྒྱ་ནག་གཞུང་གིས་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་སྟེ་ད་ཆ་བོད་ནང་གི་གནས་སྟངས་ནི་དམག་ས་ལྟ་བུ་ཆགས་ཡོད་པ། ཉི་ཧོང་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་བོད་ནང་ཆོས་དང་རིག་གཞུང་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གནང་དགོས་པ། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཞེས་པ་གཏན་འབེབས་གནང་བ་ལྟར་ཉི་ཧོང་གཞུང་གིས་ཀྱང་བོད་དོན་སྐོར་དེ་ལྟ་བུའི་ཁྲིམས་གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཞུས་པ་སོགས་འཁོད་ཡོད།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པས་ཉེ་ཆར་ཁམས་བྲག་འགོ་ནས་རྒྱ་ནག་གཞུང་གིས་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ་སོགས་ཀྱི་གནས་ཚུལ་རྣམས་གསན་རྗེས་ཧ་ལས་ཏེ་ཧ་ཅང་ཐུགས་འཚབ་ཡོད་པའི་སྐོར་གསུངས་པ་དང་འབྲེལ་བོད་དོན་ཆེད་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པའི་སྐོར་གསུངས། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ལགས་ཀྱིས་བོད་ཀྱི་གནད་དོན་སྐོར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གང་མགྱོགས་ཚོགས་ཆེན་ཞིག་བསྐོངས་ནས་ཐག་གཅོད་གནང་རྒྱུ་ཡིན་པའི་སྐོར་གསུངས།ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་ཝ་ཊ་ན་བྷེ་ཤུ་ (Watanabe Shu) ལགས་ཀྱིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ཚོགས་འདུར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཐུགས་འཚབ་ཡོད་པའི་སྐོར་གསུངས། ཉི་ཧོང་སྐུ་ཚབ་དོན་ཁང་གིས་ཉི་ཧོང་གི་སྐད་ཐོག་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་མནར་སྤྱོད་བཏང་བའི་སྐོར་གྱི་དཔེ་དེབ་ (100 Atrocities of the CCP in Tibet) དང་། ཨིན་ཡིག་ཐོག་ཡོད་པའི་དཔེ་དེབ་(Harnessing the Dragon’s Fume) ཞེས་པ་ཚོགས་འདུའི་སྟེང་འགྲེམས་སྤེལ་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སྐུ་ཚབ་གྲངས་ ༡༩ ཙམ་མཉམ་ཞུགས་གནང་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་འཇིགས་མེད་ཚེ་བརྟན་ལགས་རྣམ་གཉིས་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་བཅས།།