༄༅། །བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་མི་ལོ་ ༡༧ རིང་རྒྱ་མིའི་བཙོན་ཁང་ནང་བཞུགས་པའི་རྒྱལ་གཅེས་དཔའ་བོ་ངག་དབང་རྒྱལ་མཚན་ནམ་སྐྱ་མིང་དངོས་གྲུབ་རྒྱལ་མཚན་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༢ ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༥།༢༢ ལ་ལྷ་ས་སྨན་རྩིས་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དམ་པ་ཁོང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་བདེ་ཆེན་ནས་ཡིན་པ་དང་། ཕྱི་ལོ་ ༡༩༨༤ ལོར་འབྲས་སྤུངས་དགོན་པར་ཆོས་བཞུགས་གནང་། ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ ཉིན་ལྷ་སར་འབྲས་གྲྭ་ཉེར་གཅིག་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་དམ་པ་ཁོང་ཡང་དེའི་ཁོངས་སུ་ཡོད་པས་རྗེས་སུ་འཛིན་བཟུང་བྱུང་བས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་སྲུང་ཁང་དུ་ཟླ་བ་བཞི་ཙམ་བཀག་སྐྱིལ་བྱུང་བ་དང་། དེའི་རྗེས་ཁོང་གིས་བོད་དོན་དང་འབྲེལ་བའི་གསང་བའི་ཚོགས་པའི་ནང་ཞུགས་ནས་བོད་དོན་ལས་དོན་སྤེལ་བ་རྒྱ་ཡིས་ཤེས་རྟོགས་བྱུང་བས་ཕྱི་ལོ་ ༡༩༨༩ ཟླ་ ༥ ཚེས་ ༡༣ ཉིན་སླར་འཛིན་བཟུང་ཐོག་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཚོགས་ཁང་དུ་མི་མང་ ༡༥༠༠ ཙམ་བཞུགས་པའི་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཚོགས་ཆེན་ཐོག་ཁོང་ནས་གསར་བརྗེ་ངོ་རྒོལ་གྱི་སྒྲིག་འཛུགས་ནང་ཞུགས་པ་དང་དྲིལ་བསྒྲགས་ངན་བསྐུལ་བྱས་པ། གསང་ཉུལ་དང་རྒྱལ་མཚམས་བརྒལ་བ་བཅས་ཀྱི་ཉེས་མིང་འོག་དུས་བཀག་བཙོན་བཅུག་ལོ་ ༡༧ དང་ཆབ་སྲིད་དབང་ཆ་ལོ་ ༥ བཙན་འཕྲོག་བྱ་རྒྱུའི་ཁྲིམས་ཐག་བཅད། ཉེ་ཆར་ཁོང་སྙུང་གཞི་བཞེས་ཐོག་སྨན་ཁང་དུ་བསྟེན་གཏུགས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་འདུག དམ་པ་ཁོང་ནི་བོད་མི་ཆབ་སྲིད་བཙོན་ཟུར་དུ་མས་གུས་བརྩི་དང་གདེང་འཇོག་ཞུ་ཡུལ་ཞིག་ཡིན། ད་ལྟ་དགུང་ལོ་ ༥༨ ཙམ་ལ་ཕེབས་ཡོད་པ་རེད།།