༄༅། །ཉི་ཧོང་དགེ་འདུན་ལྷན་ཚོགས་ (Super Samgha) ཞེས་པའི་སྐུ་ཚབ་ཧ་ཡ་ཤི་ཤུ་ཊན་ (Ven. Hayashi Shuten) ལགས་དང་ཀོ་བྷ་ཡ་ཤི་ (Ven. Kobayashi Shuei) ལགས་རྣམ་གཉིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་ཀྱིས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཐུགས་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་ཉེ་ཆར་ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ། བྲག་འགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་བཅས་ཀྱི་གནས་ཚུལ་གསན་པར་ཧ་ལས་ཏེ་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་གནང་ཡོད་པ་མ་ཟད། ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་ངོས་ནས་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེའི་བསྒྲགས་གཏམ་སྤེལ་ཡོད་པ་དེ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཕུལ་གནང་འདུགཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༤ ཉིན་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་བོད་མི་དང་། ཡུ་གུར། ལྷོ་སོག་པོའི་མི་རིགས། ཧོང་ཀོང་བ་བཅས་དང་ལྷན་དུ་པེ་ཅིང་ཨོ་རྩེད་འགྲན་ཚོགས་འགོ་འཛུགས་ཉིན་མོར་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གནང་ཡོད། སྐབས་དེར་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་སྐུ་ཚབ་ཀོ་བྷ་ཡ་ཤི་ (Ven. Kobayashi) ལགས་དང་ཝ་ཀའོ་མི་ (Ven. Wakaomi) ལགས་ཀྱིས་ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་དེ་སྒྲོགས་སྦྱང་གནང་བ་མ་ཟད། ངོ་རྒོལ་གྱི་བསྒྲགས་གཏམ་དེ་རྒྱ་ནག་གཞུང་ཚབ་ཁང་ལའང་སྤྲད་གནང་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གཉན་འཕྲང་གི་དུས་སྐབས་འདིར་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་ཀྱིས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་ཀྱིས་ཉི་ཧོང་གི་དགེ་འདུན་པ་ཚོས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁོང་ཚོའི་དགེ་རྒན་དང་། སངས་རྒྱས་ཀྱི་གསུང་རབ་རྣམས་ཁོང་ཚོའི་ཆོས་ལ་རྩི་ཡི་ཡོད་སྟབས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་གཏོར་བཤིག་བཏང་བ་དང་། སངས་རྒྱས་ཀྱི་གསུང་རབ་ལ་དམའ་འབེབས་བྱས་པ་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཞེས་དང་། ཁམས་བྲག་མགོ་ནས་རྒྱ་ནག་གཞུང་གིས་ཐུབ་དབང་གི་སྐུ་བརྙན་གཏོར་བཤིག་བཏང་བ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་པ་ཙམ་མ་ཟད། དེ་ནི་ཐད་ཀར་ནང་པའི་ཆོས་ལུགས་ལ་རྒོལ་རྡུང་བྱས་པ་མཚོན་གྱི་ཡོད། ཅེས་གསུངས། ཉི་ཧོང་དགེ་འདུན་ལྷན་ཚོགས་ནས་རྒྱ་ནག་གཞུང་ཚབ་ཁང་ལ་གནང་བའི་ངོ་རྒོལ་གྱི་བསྒྲགས་གཏམ་ནང་འཁོད་པ་ལྟར་ན། ཨོ་རྩེད་འགྲན་ཚོགས་ནི་ཞི་བདེའི་དུས་ཆེན་ལྟ་བུ་ཡིན་ཞིང་། ཨོ་རྩེད་འགྲན་ཚོགས་འགོ་མ་ཚུགས་གོང་ཁམས་བྲག་མགོ་ནས་ཁྱོད་ཚོའི་གཞུང་གིས་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་ ༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་ཐོག་དྲག་གནོན་བྱས་པ་དེ་ནི་འགྱོད་གདུང་སྐྱེ་དགོས་པ་ཞིག་རེད། བོད་བརྒྱུད་ནང་བསྟན་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་རིག་གཞུང་ཆགས་ཡོད་ལ། ལོ་ངོ་ ༡༥༠༠ ལྷག་གི་ལོ་རྒྱུས་ཡོད། དེར་བརྟེན་ང་ཚོ་སྟེ་འཛམ་གླིང་གི་ནང་པ་ཡོངས་ནས་ཁྱོད་ཚོའི་གཞུང་གིས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་འཁོད་ཡོད། །