༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༦ ཉིན་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་རྣམས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། འདུ་འཛོམས་ཀྱི་མཛད་སྒོའི་དགོས་པ་དམིགས་ཡུལ་གཙོ་བོ་ནི། ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ཊི་བྷོ་ཊི་ཡ་ (Sh. P. T. Bhutia) ལགས་དང་ཚོགས་གཞོན་ཨོ་བྷེ་ཌ་སི་ (Sh. O. B. Dass) ལགས་ཀྱིས་གཙོས་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་ཟུར་པ་ཚེ་དབང་དཔལ་འབྱོར་ལགས། དེ་བཞིན་ཚོགས་མི་རྒན་གྲས་རྣམས་ལ་ཆེ་བསྟོད་དང་། ཚོགས་མི་རྒན་པ་རྣམས་ཀྱི་ལས་འཕྲོ་རྣམས་རྒྱུན་སྐྱོང་དང་ཚོགས་མི་གསར་པ་འཛུལ་ཞུགས་སླད་འདུ་འཛོམས་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་ཉིད་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གལ་གནད་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། ཀ་སྦུག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་ཀྱིས་བོད་ནང་གི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། བོད་དོན་ཆེད་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།སྒང་ཐོག་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibbat Sahyog Manch) ཚོགས་མི་དང་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དཔལ་འབར་ལགས་ཀྱིས་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་རྣམས་ལ་འཕྲད་པའི་དཀའ་ངལ་དང་། ཁོང་རྣམ་པའི་མངོན་འདོད་སྐོར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པར་དགའ་པོ་བྱུང་བ་སོགས་ཀྱི་སྐོར་གསུངས། ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ཊི་བྷོ་ཊི་ཡ་ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་བཏང་གནང་བའི་སྐོར་དང་། ད་ལྟ་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགན་དེ་མི་རབས་གཞོན་སྐྱེས་རྣམས་ལ་རྩིས་སྤྲོད་གནང་རྒྱུའི་སྐོར་དགོངས་བཞེད་གནང་གི་ཡོད་པ་སོགས་ཀྱི་སྐོར་གསུངས།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་ཚོགས་གཙོ་བསོད་ནམས་ལྷུན་གྲུབ་བླ་མ་ལགས་ནི་དམིགས་བསལ་སྐུ་མགྲོན་ཡིན་ཞིང་། ཁོང་གིས་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པར་ཚོགས་མི་གསར་པ་འཛུལ་ཞུགས་གནང་དགོས་པའི་གལ་གནད་དང་། བོད་ནང་རྒྱ་ནག་དམར་ཤོག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ཀྱི་སྐོར་རྒྱལ་སྤྱིའི་ཐོག་ནས་ཐུགས་སྣང་ཡོང་བར་ལས་འགུལ་མང་ཙམ་སྤེལ་དགོས་པ་སོགས་ཀྱི་སྐོར་གསུངས། ཚེ་དབང་དཔལ་འབྱོར་ལགས་ཀྱིས་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པས་ཕྱག་ལས་གནང་བའི་ཉམས་མྱོང་དང་། ཚོགས་བཅར་ཡོངས་ནས་གོམ་པ་མདུན་སྤོ་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
གཞན་ཡང་ཁོང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་མ་གནང་གོང་འབྱུང་འགྱུར་ཀ་སྦུག་ཧིན་བོད་མཛའ་འབྲེལ་ཚོགས་པ་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་སྐོར་སྐར་མ་ ༢༠ ཙམ་རིང་གྲོས་བསྡུར་གནང་རྗེས་ཀ་སྦུག་གངས་ལྗོངས་ཟློས་གར་ཚོགས་པ་ནས་བོད་ཀྱི་སྲོལ་རྒྱུས་གཞས་སྣ་གཟིགས་འབུལ་ཞུས་ཡོད། ཐེངས་འདིའི་འདུ་འཛོམས་ཐོག་ཚོགས་བཅར་བ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་བཅས།།