༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ (Patrick Leahy) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁིར་སི་སི་མི་ཐི་ (Chris Smith) མཆོག་བཅས་ཀྱིས་དབུ་ཁྲིད་དེ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༦༠ ལྷག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ཨ་རིའི་གྲོས་ཚོགས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་གི་འཛིན་སྐྱོང་མཉམ་འབྲེལ་གྱིས་བོད་དོན་ཆེད་དུ་ཕྱག་ལས་གནང་ཕྱོགས་ཀྱི་སྒྲོམ་གཞི་དོན་ཚན་བཅུ་ཅན་ཞིག་བཟོས་ཡོད་པ་དང་། ཕྱི་ལོ་༢༠༢༢ ཟླ་ ༡ ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཁྲིམས་བཟོ་ལས་དོན་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ནེ་ཛི་ཌུ་ར་ཀོག་ལུ་ (Naz Durakoglu) ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་རྒྱུན་ལས་སྔོན་རྩིས་བཀའ་འཁྲོལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་པེ་ཊིག་ལི་ཧེ་ (Patrick Leahy) མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཡིག་ལན་ཞིག་ཕུལ་བའི་ནང་འཁོད་དོན།
སྐུ་ཉིད་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ངོས་ནས་མཉམ་རུབ་ཐོག་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཉིད་ཡར་རྒྱས་གོང་འཕེལ་ཇི་ལྟར་གནང་ཕྱོགས་སྐོར་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་ཐུགས་འཚབ་གནང་བཞིན་པའི་སྐོར་བརྒྱུད་སྤེལ་ཞུས་ཡོད་ལ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པས་གནད་དོན་དེའི་ཐད་ཡུན་རིང་ཐུགས་སྣང་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) མཆོག་གིས་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དེས་འཛིན་སྐྱོང་གི་ངོས་ནས་གྲོས་གཞི་འདི་གལ་འགངས་ཆེན་པོར་བཞག་གནང་ཡོད་པ་སྟོན་གྱི་ཡོད། ཨ་རི་གཞུང་གིས་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ (Tibetan Policy Act of 2002) ཞེས་པ་བསྐྱར་བཅོས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ (Tibetan Policy and Support Act of 2020) ཞེས་གཏན་འབེབས་གནང་བ་གཞིར་བཟུང་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་གོང་མཐོར་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱིས་གཙོས་ཨ་རི་ཚུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཡོད་པའི་བྱེས་འབྱོར་བོད་མི་རྣམས་ལ་བརྙས་བཅོས་དང་། སུན་གཙེར། བྱ་ར་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་གི་ཡོད།
རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱིས་བོད་མི་བཙོན་འཇུག་དོ་དམ་དང་བརྙས་བཅོས་བྱེད་བཞིན་པའི་ཐད་ང་ཚོས་སེམས་འཚབ་བྱེད་བཞིན་པའི་སྐོར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་དང་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་གི་འཛིན་སྐྱོང་གི་ངོས་ནས་རྒྱུན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་གླེང་སློང་གནང་གི་ཡོད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲག་གནོན་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་སླད་ལག་བསྟར་བྱེད་ཀྱི་ཡོད། ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱ་ནག་གི་འཕྲུལ་ཆས་བཟོ་ལས་ཁང་གྲངས་བརྒྱད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་ནང་གྲངས་ཉུང་མི་རིགས་དང་ཆོས་དད་གྲངས་ཉུང་མི་རིགས་རྣམས་ལ་བྱ་ར་བྱེད་བཞིན་པར་མཐུན་འགྱུར་བྱས་སྟབས་འཕྲུལ་ཆས་བཟོ་ལས་ཁང་གྲངས་བརྒྱད་དེ་དག་ལ་མ་འཛུགས་འཇོག་སྟངས་ཐད་དམ་བསྒྲགས་ཉེས་ཆད་བཅད་ཡོད། འཕྲུལ་ཆས་བཟོ་ལས་ཁང་གྲངས་བརྒྱད་ཀྱི་ཁྲོད་ནས་འཕྲུལ་ལས་བཟོ་ལས་ཁང་གཅིག་གིས་མཉེན་ཆས་ཤིག་བཟོས་ཏེ་བོད་རིགས་དང་དམིགས་བསལ་གྱི་གྲངས་ཉུང་མི་རིགས་གཞན་རྣམས་ངོས་འཛིན་བྱས་པ་བརྒྱུད་རྒྱ་ནག་གི་དཔོན་རིགས་རྣམས་ལ་བརྡ་ལན་སྤྲོད་ཀྱི་ཡོད།
ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་དང་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་གི་འཛིན་སྐྱོང་གི་ངོས་ནས་མུ་མཐུད་བོད་མིར་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ། ལོ་རྒྱུས་ཤུལ་དངོས་རྣམས་མི་ཉམས་རྒྱུན་འཛིན་སླད་གཞོགས་འདེགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ནང་པའི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་དང་། སློབ་སྦྱོང་དང་གུས་བཀུར་གནང་ཕྱོགས་ལ་ཐེ་བྱུས་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་གི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ནང་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་ཀྱི་ཡང་སྲིད་ངོས་འཛིན་གྱི་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཡིན་སྟབས་བོད་མིའི་ནང་པའི་ཚོགས་སྡེ་ཁོ་ནར་དབང་གི་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་དང་རྒྱ་རིགས་རྣམས་ཨ་རིའི་ནང་རང་དབང་གི་སྒོ་ནས་ཡོང་ཆོག་གི་ཡོད་པ་ལྟར། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་ (Reciprocal Access to Tibet Act of 2018) ཞེས་པ་གཏན་འབེབས་གནང་བ་གཞིར་བཞག་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་དང་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་གི་འཛིན་སྐྱོང་གིས་ཨ་རིའི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་རག་ཐབས་སུ་ཤུགས་སྣོན་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ང་ཚོས་གོ་སྐབས་འདི་ལྟ་བུ་ཧ་ཅང་ཛ་དྲག་ཅན་ཞིག་ཡིན་པ་རྩི་ཡི་ཡོད། གོ་སྐབས་འདི་བརྒྱུད་ང་ཚོས་བོད་ནང་གི་གནས་ཚུལ་ལ་ལྟ་རྟོག་དང་། རྒྱ་ནག་གིས་བོད་མིར་བརྙས་བཅོས་དང་དྲག་གནོན་བྱེད་བཞིན་པ་རྣམས་ཐེར་འདོན་དང་རོགས་རམ་གནང་ཐུབ་ཀྱི་ཡོད་པ་ངོས་འཛིན་ཞུ་ཡི་ཡོད།
ཨ་རིས་མུ་མཐུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་གང་ཉིད་ཀྱི་སྐུ་ཚབ་བམ་ཡང་ན་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་རྣམ་པ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཞུས་ཏེ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཞུ་དགོས་པའི་འབོད་སྐུལ་གནང་གི་ཡོད། ང་ཚོས་ཕན་ཚུན་གྲོས་མོལ་མོས་མཐུན་བྱས་པ་ཡིན་ན་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐུབ་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་བོད་མི་རྣམས་ཀྱིས་སོ་སོའི་ཐུན་མོན་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་མ་ཟད། མ་འོངས་ཕུགས་རྒྱང་རིང་པོར་བོད་ནང་བརྟན་ལྷིང་ཡོང་བའི་རེ་བ་ཞུ་ཡི་ཡོད།
མཐའ་དོན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་དང་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་གི་འཛིན་སྐྱོང་གིས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་བཞེས་ཏེ་མི་མང་ཆེས་ཉམ་ཐག་དང་ཚེ་སྲོག་སྲུང་སྐྱོབ་སླད་མཐུན་འགྱུར་རོགས་རམ་གནང་རྒྱུའི་མཚོན་པའི་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་གནང་རྒྱུའི་སྤོབས་པ་ཡོད། ང་ཚོས་མུ་མཐུད་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་རྣམས་ལ་དེབ་སྐྱེལ་ཡིག་ཆ་རག་ཐབས་སུ་སྐུལ་མ་གཏོང་གི་ཡོད་ལ། དེབ་སྐྱེལ་ཡིག་ཆ་རག་པ་ཡིན་ན་ཁོང་ཚོས་ལས་ཀ་དང་། ཚོང་ལས། སློབ་སྦྱོང་། འཕྲོད་བསྟེན། སྤྱི་ཚོགས་སྲུང་སྐྱོབ། འཚོ་ཐབས་བཅས་ཀྱི་གོ་སྐབས་འདྲ་མཉམ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
ང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་མཐུན་ཕྱོགས་ཚོགས་སྡེ། ཕྱག་སྦྲེལ། ཨ་རིའི་གྲོས་ཚོགས་བཅས་དང་ལྷན་དུ་མཉམ་རུབ་ཐོག་ཕྱག་ལས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། སླར་ཡང་སྐུ་ཉིད་ཀྱིས་ཕྱག་བྲིས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཨ་རིའི་གྲོས་ཚོགས་ནས་བོད་མི་དང་། རྒྱ་ནག་ནང་གྲངས་ཉུང་མི་རིགས་དང་ཆོས་དད་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་གྱི་དཀའ་ངལ་འཕྲད་བཞིན་པ་དག་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་གོ་སྐབས་གནང་བར་དགའ་བསུ་ཞུས་པ་དང་འབྲེལ་འབྱུང་འགྱུར་སྐུ་ཉིད་དང་ལྷན་དུ་གནད་དོན་དེ་ཚོའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་བཅས། ཞེས་འཁོད་ཡོད།།