༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་མགོན་པོ་གང་ཉིད་ཀྱི་མཆེད་གྲོགས་དང་ཆོས་གྲོགས་ཝེ་ཏི་ནམ་གྱི་ནང་པའི་བླ་ཆེན་ཐིག་ནཱ་ཐི་ཧན་(Thich Nhat Hanh) མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༢ ཉིན་དགུང་གྲངས་ ༩༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གསན་མ་ཐག་ཐུགས་ཕམ་དང་བཅས་ཝེ་ཏི་ནམ་དང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་དམ་པ་དེ་ཉིད་ཀྱི་རྗེས་འབྲང་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དམ་པ་དེ་ཉིད་ཀྱིས་དེ་སྔ་ཝེ་ཏི་ནམ་གྱི་དམག་འཁྲུག་སྐབས་ཞི་བའི་སྒོ་ནས་ངོ་རྒོལ་གནང་ཡོད་ལ། དེ་བཞིན་ཁོང་གིས་མཱར་ཊིན་ལུ་ཐེར་ཀིངྒ་ (Martin Luther King Jr) མཆོག་ལ་རྒྱབ་སྐྱོར་དང་། ལྷག་པར་དམ་པ་ཁོང་གིས་བློས་བཏང་གིས་མི་གཞན་དང་ལྷན་དུ་ནང་སེམས་ཞི་བདེ་བསྐྲུན་པར་དྲན་པ་ཉེར་བཞག་དང་བྱམས་བརྩེ་ཡིས་ཇི་ལྟར་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་པའི་སྐོར་བརྒྱུད་སྤེལ་གནང་བ་མ་ཟད། མི་སྒེར་སོ་སོ་ནས་ཇི་ལྟར་ནང་སེམས་ཞི་བདེ་བསྐྲུན་ཏེ་འཛམ་གླིང་འདི་ཉིད་དོན་དམ་གྱི་ཞི་བདེ་ཡོང་བར་ཞབས་འདེགས་སྒྲུབ་ཐུབ་པའི་སྐོར་བརྒྱུད་སྤེལ་གནང་ཡོད།
དམ་པ་དེ་ཉིད་ཀྱིས་སྐུ་འཚོ་བཞུགས་རིང་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡག་ཤོས་ནི་ཁོང་གི་ལས་འཕྲོ་རྣམས་མུ་མཐུད་མཇུག་བསྐྱངས་ཏེ་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་རྒྱུ་དེ་ཡིན་པ་ངོས་རང་ལ་ཐེ་ཚོམ་མེད། ཅེས་འཁོད་ཡོད།།